༄༅།།དུས་བཞིར་བསྔཊ་པ།

ཁྱུང་གསེར་སྨྱུག

林芝报-藏文版  2026-11-24

དབྱར།

གཡུ་ལོ་གོས་སུ་གྱོན་པའི་སྤང་གཞོང་གི་མཐིལ་དུ།།

བུང་བའི་གུར་ཁྱིམ་ཕུབ་པའི་མེ་ཏོག་དེ་བཞད་བྱུང་།།

སྤྲིན་དཀར་ས་ལ་ལྷུང་འདྲའི་རི་གཞོང་གི་ཁུག་སོར།།

རྩི་ཏོག་མཚོ་མོ་འཁྱིལ་བའི་དབྱར་གཞུང་དེ་སྐྱིད་ཨང་།།

མཐའ་ནས་རྟ་ནོར་ལུག་གིས་ཡང་ཡང་དུ་བསྐོར་ཞིང་།།

དབུས་སུ་མི་རབས་སྟོང་གི་རྒྱུད་པ་དེ་ངོམ་པའི།།

འབྲོག་པའི་མཛེས་སྡུག་རུམ་པའི་སྦྲ་ནག་དེ་མཐོང་དུས།།

དབྱར་གྱི་མཛེས་སྡུག་བརྐུས་པའི་བོད་ཡུལ་འདི་སྐྱིད་པ།།

དགུན།

ཁ་བ་ལྷེབ་ལྷབ་འབབ་པའི་མཐོ་སྒང་གི་ཡུལ་གྲུར།།

ཁྱོད་དང་ང་ཡི་བརྩེ་སེམས་མཚོ་མོ་བཞིན་འཁྱིལ་བས།།

དབུས་ཀྱི་གངས་དཀར་ཏི་སེའི་བརྗིད་ཉམས་ཀྱི་དྲུང་ནས།།

ལྷ་ལ་ཡོན་ཆབ་བཤམས་པའི་ངང་ཚུལ་དུ་བྲོས་ཡོད།།

སྟོན།

སྔོ་ལྗང་རྩི་ཐོག་གྱོན་པའི་དབྱར་གཞུང་གི་དགའ་ཚལ།།

མི་རྟག་འཁོར་འགྲོས་མྱུར་མོས་ཡང་ཡང་ནས་ཁྱེར་བའི།།

སྡོང་ལོ་ས་ལ་ལྷུང་པའི་སྐྱོ་ཉམས་འདི་མཐོང་ཕྱིར།།

སྟོན་གྱི་ནམ་ཟླའི་བར་ནས་མི་སེམས་དེ་སྔོག་སོང་།།

གསེར་མདོག་རི་གཞོང་སྐྱ་བོ་མིག་ལམ་དུ་འཚེར་དུས།།

དགུན་གྱི་ཉམས་སྣང་རྩུབ་མོ་དྲན་ངོགས་སུ་བདས་པས།།

རིང་མ་ཐུང་གི་མི་ཚེའི་ལམ་ཐག་གི་བརྒྱུད་རིམ།།

ལོ་སེར་ས་ལ་ལྷུང་པའི་ངང་ཚུལ་འདིས་མཚང་སོང་།།

དཔྱིད།

སྐྱེ་དངོས་མགོ་བོ་དལ་གྱིས་ཡང་ཡང་དུ་འབུས་ཤིང་།།

ལྷོ་བཞུད་ཁུ་བྱུག་སྔོན་མོ་མགྲོན་པོ་རུ་བོས་པའི།།

དུས་བཞིའི་དཔྱིད་ཀྱི་དཔལ་ཡོན་སྒེག་ཉམས་དེ་ཆེ་བས།།

དབྱར་གྱི་མཛེས་སྡུག་སྣུམ་མོ་ཁྱོད་རང་དང་བཅར་སོང་།།

ལྟ་ན་སྡུག་པའི་དབྱར་གཞུང་མེ་ཏོག་ལ་ཉེ་ཞིང་།།

དྲོ་ཞིང་འཇམ་པའི་དབྱར་ཁའི་བསིལ་རླུང་ལ་བརྩེ་བའི།།

དཔྱིད་ཀྱི་འགོ་མ་ཚེས་པའི་ཉམས་སྣང་དེ་མཐོང་དུས།།

མི་སེམས་དགའ་བདེའི་དཔལ་ལ་ཡང་ཡང་འཁོད་བྱུང་།།