༄༅།།ཚེར་མའི་མེ་ཏོག

བདེ་ཆེན་ངག་གྲོལ།

林芝报-藏文版  2026-11-24

ཞོགས་པའི་ཉི་ཟེར་ལས་འདྲེས་པའི། །

ཚེར་མའི་མེ་ཏོག་གི་འཁྲི་ཤིང་། །

ཡིད་འོང་མཚར་སྡུག་གི་ལང་ཚོ། །

ང་ཡི་བྲང་གཞུང་དུ་སྤུར་སོང་། །

སྣ་ཚོགས་ཟློས་གར་གྱི་སྟངས་སྟབས། །

སྨིན་ལེགས་ན་ཆུང་མས་བཀུག་ན། །

ཞལ་འཛུམ་གེ་སར་གྱི་པདྨ། །

རྐང་དྲུག་བུང་བ་ཡིས་འཕྲོག་སོང་། །

ཆུ་འཛིན་སྤྲིན་དཀར་གྱི་འོག་ན། །

མེ་ཏོག་རྐང་ཅིག་དེ་ཡོད་སྐད། །

ནོར་འཛིན་འདེགས་བྱེད་ཀྱི་གཏིང་ལ། །

དྲི་བསུང་འཐུལ་འཐུལ་དུ་ལྡང་སོང་། །

སྣང་སྲིད་འཁོར་འདས་ཀྱི་དབར་ན། །

ཆགས་ཞེན་རླུང་བུ་ལ་བསྐུར་དུས། །

མི་སེམས་རླུང་ནང་གི་མར་མེ། །

མཆེད་ས་རང་དབང་ཞིག་མི་འདུག །

ཚེར་མའི་མེ་ཏོག་ལ་ལྟ་དུས། །

སེམས་པ་དར་སྐུད་ཀྱི་གསང་བ། །

སེམས་མེད་བེམ་པོ་ལ་སྒྲིམ་དུས། །

སྙིང་པོ་གཏེར་འབྲུ་ཙམ་ཨེ་འདུག །

མ་བསམ་ལོ་ཟླ་ཡི་སྣང་ངོར། །

དྭངས་བསིལ་ཟླ་བ་བཞིན་བགྲོད་པའི། །

སྨིན་ལེགས་ན་ཆུང་མའི་ཞལ་རས། །

འཁོར་བའི་ཐང་དཀྱིལ་ནས་མངོན་སོང་། །

བདག་སེམས་སྤྲིན་དཀར་གྱི་གསེབ་ན། །

མཁའ་དབྱིངས་བྱ་ཚོགས་ཀྱི་རྩེ་འཇོ། །

མཐོང་སྣང་མངོན་སུམ་ལ་སྒྱུར་ན། །

འཇོ་སྒེག་སྟངས་སྟབས་དེ་དྲན་སོང་། །

དྭངས་བསིལ་ཆར་རྒྱུན་གྱིས་རླན་པའི། །

ལིང་ལིང་གར་སྟབས་ཀྱིས་སྒྱུར་བའི། །

མྱོས་པའི་འགྲམ་ཆང་ལ་གཟན་པའི། །

རྔུལ་ཆུ་ཐིགས་པ་རང་འཛགས་སོང་། །

བིམ་པའི་མཆུ་སྒྲོལ་དེ་དམར་དམར། །

ཡིད་འོང་ཟུར་མིག་གིས་འཁྱུག་འཁྱུག །

ཁྲ་ལྡེམ་སྨན་ཆུང་མའི་ལང་ཚོ། །

ང་ཡི་སྙིང་ཁོང་དུ་ཟུག་སོང་། །

མཛེས་སྡུག་ཆ་རྫོགས་ཀྱི་འོག་ཏུ། །

སྐེད་མེད་ཁྲ་ལྡེམ་གྱི་ལང་ཚོ། །

སྒྱུ་འཕྲུལ་གར་སྟབས་ཀྱི་དབུས་ནས། །

ང་ཡི་མིག་འདུན་དུ་དུད་སོང་། །