logo
查看本期全部内容

གྲོང་པ་ཁྱིམ་མཚེས་འཆམ་མཐུན་ཆེ། རིག་གནས་ཡུལ་སྐོར་དར་རྒྱས་ཆེ།

སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པའི་མཚན་སྙན་ཐོབ་པ།

山南报藏文&nbsp&nbsp བསོད་ནམས་བསྟན་པས་བསྒྱུར། &nbsp&nbsp2026-09-21

ཡར་ཀླུང་གཞུང་གི་ཞོགས་པའི་ཉི་གཞོན་དང་བསྟུན་ནས། སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་སྐབས། གྲལ་སྟར་འགྲིག་པའི་གྲོང་མིའི་སྡོད་ཁང་གི་ཕྱི་ནང་གཙང་སྦྲ་དོད་ལ། ཁྲོམ་གཞུང་དང་སྲང་ལམ་དབར་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། འཆམ་མཐུན་མཉམ་གནས་ཐོག། གནའ་ཉམས་བབ་ཆགས་ཀྱི་ཡུལ་སྲོལ་དམངས་སྲོལ་དང་མཉམ་འདྲེས་ཀྱིས་ཆུ་དང་འོ་མ་འགྲོགས་པའི་སྣང་བ་ཞིག་ཡོད།

ཉེ་ཆར“ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ལྡན་པའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་འདི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་ནང་བདམས་པ་རེད། ལྗིད་ཏིག་ཏིག་གི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་དེ་ནི་སྡེ་ཁུལ་གྱིས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གཏིང་ཟབ་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ། གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ་བཅས་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་ཡིན་ལ། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ལྟ་རེས་སྐྱོང་རེས་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་སྐབས། རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་དང་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་མངོན། སྡེ་ཁུལ་དེས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ཐོག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་རྟེན་གཞི་གཙོ་བོར་བྱས་ནས་དམངས་སྲོལ་ཁྱབ་གདལ་དང་། རིག་གནས་སྒྲོག་འགྲེལ། ཁྱིམ་མཚེས་མཐུན་འབྲེལ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ཡོད། སྡེ་ཁུལ་གྱིས་ས་གནས་དེ་གའི་རིག་གནས་ཀྱི་རྩ་བ་བརྟན་སྲུང་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་གསོན་ཤུགས་འཕེལ་བ་བྱས་ཏེ་སྲོལ་རྒྱུན་གྱི་དམངས་སྲོལ་ལ་དུས་རབས་གསར་པའི་སྐྱེ་སྟོབས་འཕེལ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དག་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་པ་མ་ཟད། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་དང་། ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པའི་ཁྲོད་མི་རིགས་ཁག་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་། རིག་གནས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རིང་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་གི་བར་ཐག་ཉེ་རུ་བཏང་ཡོད་པ་རེད།

“རྣམ་ཀུན་སྡེ་ཁུལ་གྱིས་རྒྱུན་དུ་དམངས་སྲོལ་འཁྲབ་སྟོན་དང་རིག་གནས་སྒྲོག་འགྲེལ་སྒྲིག་འཛུགས་བྱེད་ཀྱི་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་ཁྲོམ་གཞུང་དུ་མཉམ་དུ་འཛོམས་ནས་གླུ་ལེན་པ་དང་ཅི་གྲོས་མོལ་གྲོས་བྱེད་ཀྱི་ཡོད། ཁྱིམ་ཚང་སུའི་ནང་ལ་བཀྲ་ཤིས་པའི་བྱ་བ་ཡོད་ན་ཚང་མས་མཉམ་དུ་རྟེན་འབྲེལ་ཞུ་བ་དང་། སུའི་ནང་ལ་དཀའ་ངལ་འཕྲད་ཚེ་ཚང་མས་རང་འགུལ་ངང་རོགས་རམ་བྱེད་ཀྱི་ཡོད་ཅིང་། ཚང་མས་ཁྱིམ་ཚང་གཅིག་ལྟར་གྱི་འཚོ་བ་སྐྱེལ་གྱི་ཡོད”ཅེས་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་དབྱངས་ཅན་གྱིས་རྒྱུན་གཏན་སྡེ་ཁུལ་གྱི་འཚོ་བའི་སྐོར་གླེང་སྐབས་རང་དབང་མེད་པའི་འཛུམ་མདངས་ཞིག་འཕྱུར། ཁོང་གི་ངོས་ནས་བརྗོད་ན། མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཙམ་མིན་པར་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་བྱེད་པའི་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད།

ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ནི་སྡེ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་གཏིང་ཤུགས་ཤིག་རེད། ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལེགས་ཆར་གཞིགས་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས“ཡུལ་མིའི་གནས་ཚང་དང་མངོན་མིན་རིག་གནས་ཤུལ་བཞག་ལག་གདང་སྦྲེལ་བའི”འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ་སྤུས་ལེགས་ཀྱི་མི་རིགས་རིག་གནས་ཐོན་ཁུངས་ཕན་སྒྱུར་ནུས་ལྡན་བྱས་ནས་རིག་གནས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བ་བྱས་ཡོད་པ་རེད། ད་ཆ་ས་ཁོངས་ནང་ཁྱད་ལྡན་ཡུལ་སྐོར་གནས་ཚང་ཆེ་ཆུང་སྣ་ཚོགས་ཡོད་པ་དང་། དམངས་སྲོལ་ཉམས་ལེན་དང་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ལས་རྣམ་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་རིག་གནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་ཏེ་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་བྱུང་ཡོད་པ་རེད། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མ་འབོད་མགྲོན་འགུག་བྱུང་བ་དང་། མི་རིགས་ཁག་གི་གཉེར་སྐྱོང་པ་དང་། ལས་གཏོད་པ། ངལ་རྩོལ་པ་བཅས་ཀྱིས་ལག་གདང་སྦྲེལ་ནས་ལས་དོན་སྒྲུབ་པ་དང་ཕན་ཚུན་རོགས་རམ་བྱེད་བཞིན་ཡོད། དར་ཞིང་རྒྱས་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་མང་ཚོགས་ཀྱི་“དངུལ་ཁུག”ཁེངས་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལག་ལེན་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད།

“ང་ཚོ་ཕྱི་ནས་ཡོང་བའི་ཚོང་པ་འདི་གར་ལས་གཏོད་བྱེད་པར་ཡོང་སྐབས་སྡེ་ཁུལ་གྱིས་རྒྱབ་སྐྱོར་དང་རོགས་སྐྱོར་མང་པོ་གནང་བྱུང་། འདི་གར་ཁྱིམ་མཚེས་དབར་འཆམ་མཐུན་ཆེན་པོ་འདུག། ངས་རིག་གནས་གསར་གཏོད་བརྒྱུད་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་རྫས་གསར་གཏོད་དང་མཉམ་འདྲེས་ཀྱིས་ས་གནས་དེ་གའི་མང་ཚོགས་དང་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད། འདི་གར་མི་རིགས་ཀྱི་འགལ་ཟླ་དང་ས་ཁོངས་ཀྱི་བར་ཐག་མེད་པར་ཚང་མས་ཕན་ཚུན་རོགས་རམ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་ཀྱི་ཡོད”ཅེས་སྡེ་ཁུལ་གྱི་རིག་གཏོད་ཚོང་ཁང་གི་སྦྱིན་བདག་ཧྲི་ཧུང་ཅཱ་ཡིས་མ་གསང་དྲང་པོར་བཤད།

ཐོན་ལས་དར་ཞིང་དམངས་སེམས་གཅིག་ཏུ་སྒྲིལ། བཅོས་སྐྱོང་ཚགས་ཚུད་རྩ་བ་སྲ་ཞིང་བརྟན། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཏང་འཛུགས་སྐྱོང་དང་དྲ་མིག། གྲངས་འཛིན་བཅོས་སྐྱོང”བཅས་ཟུང་འབྲེལ་བྱས་པའི་ལས་ཀའི་རྣམ་པ་ཁྱབ་གདལ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་གཞི་རིམ་བཅོས་སྐྱོང་དང་དམངས་འཚོར་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བྱས་ཡོད། སྡེ་ཁུལ་ནང་ཁུལ་དུ་འགལ་ཟླ་རྩོད་གཞིའི་འདུམ་འགྲིག་ཁང་བཙུགས་ནས་མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་ཤར་གཏོང་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཁུལ་གྱི་ལས་དོན་ཆེ་ཆུང་མཉམ་གྲོས་དང་མཉམ་བཅོས། མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཡོད། སྡེ་ཁུལ་ལས་བྱེད་པས་མང་ཚོགས་ཁྲོད་བསྐྱོད་དེ་དམངས་ཀྱི་བདེ་སྡུག་ཉན་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་འཚོའི་བྱ་དངོས་རེ་རེ་བཞིན་སྒྲུབ་པ། འགལ་ཟླ་ཆུང་ས་ནས་སེལ་བ། བསམ་བློའི་ངོས་འཛིན་གཅིག་ཏུ་སྒྲིལ་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་ཤོས་སུ་འགྱུར་བ་བྱེད་བཞིན་ཡོད་པ་རེད།

གང་ས་གང་དུ་མཉམ་འདྲེས་རྣམ་པས་ཁེངས། གང་ས་གང་དུ་མཐུན་སྒྲིལ་འཆམ་མཐུན་ཆེ། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་རིག་འཛིན་བཀྲ་ཤིས་ཀྱིས“ད་རེས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་བདམས་པ་ནི་ཡུལ་མི་ཡོངས་ཀྱིས་བསམ་བློ་གཅིག་ཏུ་གཏོང་བ་དང་། ངར་ཤུགས་གཅིག་ཏུ་བསྒྲིམ་ནས་ཐོབ་པའི་འབྲས་བུ་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་ས་གནས་འདི་གའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མུ་མཐུད་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་ལེགས་སུ་གཏོང་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བའི་འགན་ལེན་ཡག་པོ་བྱེད་པ། སྒོ་རྩར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་ཧུར་ཐག་གཏོད་པ། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཐུན་མོང་ཕྱུག་འགྱུར་བཅས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ཡིན”ཞེས་བརྗོད་དོ།།

བསོད་དོན་དང་ལོ་ཡག་གིས་ཞུས།

查看本期全部内容