ལག་ལེན་བྱེད་སྒོ་ལྷོ་ཁར་སྤེལ། གཅིག་མཐུན་ཚོགས་པ་མཉམ་དུ་བཏོད།

山南报藏文   བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་དུ། ཧྲང་ཧའེ་ཟློས་གར་སློབ་གླིང་གློག་བརྙན་སློབ་གླིང་གིས་སྒྱུ་རྩལ་ཆུ་འགོ་གཏུག་སར་འཚོལ། ཡར་མོ་ཀླུང་དུ་སྙན་པར་སྒྲོག་ཅེས་པར་འབོད་པའི་དབྱར་གསེང་སྤྱི་ཚོགས་ལག་ལེན་ཚོགས་པས་ལེ་དབར་སྤྱི་ལེ་4000ལ་ཉེ་བ་བརྒལ་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་འབྱོར། སྤྱི་ཚོགས་ལག་ལེན་ཚོགས་པར་ཆེད་ལས་བཞིའི་སློབ་ཕྲུག་10ལས་གྲུབ་ཅིང་། ཟུར་འཁྲིད་པ་ཚའོ་གཡད་ཀྱི་སྣེ་ཁྲིད་འོག ཁོང་ཚོ་དང་བཅས་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། གྲོང་གསེབ་ཀྱི་མཛེས་རྩལ་སློབ་གསོའི་རོགས་སྐྱོར་བཅས་ལ་མཐའ་བསྐོར་ནས། སྣེ་གདོང་ཆུས་དང་། འཕྱོངས་རྒྱས་རྫོང་སོགས་སུ་ཟབ་འཇུག་བྱས་ནས་རྟོག་ཞིབ་ལས་དོན་སྤེལ་བ་རེད།

2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བའི་ལོ་ཞིག་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བའི་ལོ་ཞིག མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་ལོ་ཞིག དེ་བཞིན་ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་10འཁོར་བའི་ལོ་ཞིག་བཅས་རེད། ལག་ལེན་ཚོགས་པས་སྒྱུ་རྩལ་མ་རྒྱུ་འཚོལ་སྒྲིག་སྙན་སྒྲོན་དང་བརྙན་ཕབ་སྒྲ་ཕབ་སྣོལ་མའི་གསར་གཏོད་དགེ་མཚན་ལ་བརྟེན་ནས། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་གསོན་པོ་བརྙན་ལམ་དུ་ཕབ་སྒྱུར་བྱས་ཡོད་པ་རེད།

ལྷོ་ཁར་འབྱོར་རྗེས། ཚོགས་པས་སྔ་རྗེས་སུ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་། རྩེད་ཐེར་འཐག་ལས་མཉམ་ལས་ཁང་བཅས་སུ་བསྐྱོད་དེ། ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་། འཇུའི་བྲོ། མི་རིགས་སྲོལ་རྒྱུན་འཐག་ལས་ལག་ཤེས་བཅས་ལ་རྒྱུས་མངའ་བྱས་པ་དང་སྦྲགས། གྲོང་འཇུག་ཁྱིམ་བཅར་བརྒྱུད་ནས། ས་ཡུལ་དངོས་ནས་དམངས་སྲོལ་ཉམས་ལེན་བྱས་ཐོག ལྷོ་ཁའི་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས། མཛེས་རྩལ་སློབ་གསོའི་གནས་ཚུལ་ལ་ཤེས་རྟོགས་ཀྱང་བྱས་པ་རེད།

ཚོགས་པའི་ཁོངས་མི་ཚོས། བརྙན་ཕབ་སྒྱུ་རྩལ་ཆེད་ལས་ཀྱི་ཁྱད་གཞི་ཁྱད་ཆོས་ལ་གཞི་རྐང་ཚུགས་པ་བྱས་ཏེ། རྟོག་ཞིབ་ཁྲོད་ནས་འཚོལ་བསྡུ་ཐུབ་པའི་རིག་གནས་མཛེས་ཉམས་མཚོན་རིས་དག མཛེས་རྩལ་སློབ་ཚན་གྱི་ཐོན་ཁུངས་སུ་འགྱུར་བ་བྱས་འདུག་པས། ས་གནས་དེ་གའི་བྱིས་པ་ཚོས་རང་ཉིད་ཀྱིས་བརྙན་ཕབ་དང་སྒྲ་ཕབ་ལམ་ནས་ཕ་ཡུལ་གྱི་འཕོ་འགྱུར་རྣམ་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་ཁྲིད་སྟོན་ཡང་བྱས་འདུག གོམ་སྟབས་རྗེས་མར། ཚོགས་པས་དེ་ལྟ་བུའི་ལག་ལེན་བྱེད་སྒོ་དེ་བས་མང་བ་སྤེལ་ནས། གངས་ལྗོངས་ས་མཐོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཕྱོགས་དང་ལྷོ་ཁས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ཕྱོགས་ཀྱི་ལག་ལེན་གསོན་ཉམས་དོད་པོ་ཅི་ཡོད་ཟིན་ཐོར་འགོད་རྒྱུར་འབད་འབུངས་བྱ་རྒྱུ་ཡིན་ཞེས་བརྗོད་དོ། །

བསོད་བསྟན་དང་ལོ་མཚམས་ཀྱིས་ཞུས།