ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་135འཚོགས་པ།

林芝报-藏文版  2026-09-01

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་31ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་135གཙོ་སྐྱོང་སྐོང་འཚོགས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པར་མཛུབ་སྟོན་གལ་ཆེན་དང་། ཟླ་8ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་གནང་བ་དང་། ཙུང་ལི་ལི་ཆང་གིས་བོད་ལྗོངས་སྐྱིད་གྲོང་རྫོང་དུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཞིབ་ཕྲའི་ལས་དོན་གྱི་བླང་བྱ་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་གནོད་འཚེ་སྣ་ཚོགས་ཀྱི་སྔོན་འགོག་ལས་དོན་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་འགོ་ཚུགས་སྐབས་ཚང་མ་ཡར་ལངས་ནས་གནོད་འཚེ་ཕོག་པའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་འདུའི་ཐོག་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཙུང་ལི་ལི་ཆང་གེགས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ། ཙུང་ལི་གཞོན་པ་ཀྲང་གོ་ཆིན་ཡུལ་དངོས་སུ་ཕེབས་ནས་མཛུབ་སྟོན་བཀོད་སྒྲིག་གནང་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བཀོད་སྒྲིག འཕྲལ་དུ་བྱ་སྤྱོད་སྤེལ་བ་བཅས་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གེགས་ཁུལ་དུ་འཕྲལ་མར་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བ། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གྱི་འགན་བཞེས་པ། ཉེན་སེལ་རོགས་སྐྱོབ་དང་རྗེས་འཇུག་བཀོད་སྒྲིག་ལས་དོན་གྱི་འཕེལ་རིམ་གོ་རིམ་ལྡན་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་ལུགས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་ཅེས་སྟོན་ཡོད། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ལངས་པ་དང་། འགན་འཁྲིའི་མ་ལག་ནན་པོ་དང་། འགོག་ཟོན་བྱེད་ཐབས་ནུས་ལྡན། ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། གནད་སྨིན་གྲལ་བཤེར་དང་དོ་དམ་ཚོད་འཛིན། རིགས་དབྱེ་དག་ཐེར་བཅས་ལ་ཤུགས་སྣོན་བརྒྱབ་ནས་མ་བྱུང་སྔོན་འགོག་བྱེད་དགོས། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་ཉེན་ཁ་འཕྲད་སྐབས་ཀྱི་ཉེན་གཡོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་བརྡར་གཅོད་མཉམ་འགུལ་ཏན་ཏིག་བྱེད་པ། འགན་འཁྲི་དོན་འཁྱོལ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་ནན་དུ་གཏོང་བ་བཅས་བྱས་ནས་གནོད་འཚེའི་སྦྲེལ་ཐག་གི་ཉེན་ཁ་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་དགོས།

འཕྲལ་སྡོམ་ཐག་གཅོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རེས་ནན་པོ་བྱེད་པ། ལས་སྒྲུབ་མྱུར་སྐྱོབ་ཀྱི་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་སྔོན་ལ་འགན་ལེན་གང་ལེགས་བྱེད་དགོས། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བ། བཅོས་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་མུ་མཐུད་ཤུགས་ཆེར་གཏོང་བ། ལས་གྲྭའི་བདེ་འཇགས་ཆོག་འཐུས་ནན་སྲུང་བྱེད་པ། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཉེན་སེལ་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།