ཀུན་སེམས་གཅིག་སྒྲིལ། ཉེན་སེལ་རྒུད་སྐྱོབ།

བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་རོགས་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ།

林芝报-藏文版  2026-09-01

ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ། གསར་འགོད་པས་ཀྲུང་གོ་ཨན་ནེང་མྱུལ་ཞིབ་ཡན་ལག་རུ་ཁག་དང་མཉམ་དུ་བོད་ལྗོངས་སྐྱིད་གྲོང་གྲོང་རྡལ་ནས་ཀོ་པ་ནུབ་ཆུའི་ཕྱོགས་སུ་ཐོན་ཏེ་འཁྱིལ་མཚོ་དང་དེ་བཞིན་འབྲེལ་ཡོད་ལམ་ཐིག་ལ་རྩད་ཞིབ་བྱས་པ་ཡིན།

ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། སྐྱིད་གྲོང་འགག་སྒོའི་སྟོད་ཀྱི་ནེ་པ་ལའི་ས་ཁོངས་ཀྱི་མཚོ་ཆེན་ཆུ་བོ་རང་རྒྱལ་ས་ཁོངས་ཀྱི་ཕུ་རི་ཕུ་བྱང་གཙང་པོར་རྒྱུག་ནས་འཁྱིལ་མཚོ་ཆགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། འཁྱིལ་མཚོར་ཆུ་ཁ་ཤོར་བའི་ཉེན་ཁ་ཡོད་པས་སྨད་རྒྱུད་དུ་སླར་ཡང་གནོད་འཚེ་ཐོན་སྲིད།

ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་རླངས་འཁོར་རི་གཤམ་དུ་འབྱོར།

“ང་ཚོ་ད་དུང་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་ན་གཞི་ནས་ལྟ་ཞིབ་ཚད་ལེན་བྱེད་སར་འབྱོར་གྱི་ཡོད། ང་ཚོས་མི་མེད་གནམ་གྲུ་དང་། རི་ལྡེབས་ལེ་ཏ། སྲུང་སྐར་འཁྱེར་བདེའི་འཕྲིན་གཏོང་ཆ་འཕྲིན། འཕྲིན་གཏོང་གི་ལྟ་སྡོམ་སྒྲིག་ཆས་སོགས་འཕྲིན་གཏོང་དང་མྱུལ་ཞིབ་ཚད་ལེན་སྒྲིག་ཆས་བརྒྱུད་འཁྱིལ་མཚོའི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་གཅོད་བྱ་རྒྱུ་རེད”ཅེས་ཀྲུང་གོ་ཨན་ནེང་ལྷ་ས་རྟེན་གཞིའི་བཀོད་འདོམས་པ་གཞོན་པ་ཝུའུ་ཁུན་གྱིས་ངོ་སྤྲོད་བྱས།

མདུན་ཕྱོགས་ཀྱི་རི་རྒྱུད་དང་ཉེ་བའི་ས་ཁོངས་སུ་དེ་སྔོན་གྱི་སྔོ་ལྗང་ལྗོན་ཤིང་དག་མིག་ལམ་དུ་མཐོང་རྒྱུ་མེད་པ་དང་། ལོ་མ་རྣམས་རྦད་དེ་བྱེ་མས་བཀབ་ཅིང་། ཡལ་གའི་གསེབ་ཏུ་འདམ་བག་གིས་ཁེངས་པ་སོགས་གནོད་འཚེ་ཚབས་ཆེན་ཕོག་ཤུལ་གསར་འགོད་པས་གསལ་པོར་མཐོང་བྱུང་།

“ས་ཡུལ་དངོས་སུ་འབྱོར་རྗེས་འཁྱིལ་མཚོ་ནས་ཆུ་ལུད་པ་མ་ཟད། ད་དུང་དཀྱིལ་ནས་ཆུ་སིམ་ཡོང་གི་ཡོད་པ་རེད། མིག་སྔར་ཆུ་ཁ་དམའ་རུ་ཕྱིན་པ་ཚད་ལེན་ཐུབ་ཡོད” ཧུའུ་པོ་ཡིས། གནམ་འཐིབས་པ་ལས་ཆར་པ་བབས་མེད་པས་འཁྱིལ་མཚོ་བལྟོས་བཅས་བརྟན་པོ་ཡོང་བར་ཕན་ཐོགས་ཡོད། མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ཚེ་གཞི་ནས་མཐའ་མའི་ཞིབ་འཇུག་དང་བརྡར་ཤ་གཅོད་ཐུབ། རོགས་སྐྱོབ་རུ་ཁག་གིས་བཀོད་འདོམས་པུའི་ཐབས་ཇུས་གཞིར་བཟུང་གོམ་སྟབས་རྗེས་མའི་ཉེན་སེལ་ལས་དོན་སྤེལ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

ལྟ་ཞིབ་ཚད་ལེན་བྱེད་སྐབས་རི་ཁྲོད་དུ་ཐལ་རྡུལ་འཚུབ་པ་མ་ཟད། མི་རིང་བའི་ས་ནས་ལྡིར་སྒྲ་ཕྲན་བུ་གྲགས་འོང་། “ཕལ་ཆེར་རི་ཉིལ་བ་འདྲ། མགྱོགས་པོ་ཕྱིར་འཐེན་གྱིས”ཞེས་ཝུའུ་ཁུན་གྱིས་འཕྲལ་དུ་དྲན་སྐུལ་བྱས་པ་དང་འབྲེལ། མི་རྣམས་ཚུར་ཡོང་སའི་ལམ་བརྒྱུད་དེ་བདེ་འཇགས་ལྡན་སར་ཕྱིར་འཐེན་བྱེད་དུ་བཅུག

ཕྱོགས་གཞན་ཞིག་ཏུ་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་སྐྱིད་གྲོང་འགག་སྒོའི་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཡང་དུས་མཉམ་དུ་ཛ་དྲག་ངང་སྤེལ་བཞིན་ཡོད།

ཟླ་8ཚེས་28ཉིན་གྱི་ཆུ་ཚོད་15པ་ཙམ་ལ། གསར་འགོད་པ་རླངས་འཁོར་བསྡད་ནས་སྐྱིད་གྲོང་འགག་སྒོའི་མདུན་གྱི་སྤྱི་ལེ་3ཙམ་གྱི་སར་བསྐྱོད་ཅིང་། ལམ་ག་ཡོངས་སུ་རི་ཚོགས་ཀྱིས་བསྐོར་བ་དང་རོགས་སྐྱོབ་རླངས་འཁོར་མི་ཉུང་བ་ཞིག་ལམ་རྒྱུད་དུ་བཀའ་བསྒུགས་ནས་བསྡད་འདུག རྐོ་འདྲུའི་འཕྲུལ་འཁོར་དུ་མས་ལམ་ངོས་ཀྱི་འདམ་བག་གཙང་སེལ་བྱེད་བཞིན་ཡོད་པ་དང་ཆུ་བོའི་ངོགས་གཉིས་སུ་ཐང་དུ་འགྱེལ་བའི་ལྗོན་ཤིང་དང་སྒང་ནས་ཟགས་པའི་རྡོ་ཕུང་མཐོང་རྒྱུ་འདུག

ཟླ་8ཚེས་28ཉིན་གྱི་ཆུ་ཚོད་17པ་ཙམ་ལ། འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་མངགས་པའི་ཀྲུང་གོའི་རོགས་སྐྱོབ་རུ་ཁག་མདུན་རྒོལ་ཚོགས་ཆུང་གི་རོགས་སྐྱོབ་མི་སྣ་ལྟེ་བའི་ཁུལ་དུ་འབྱོར་ཏེ། ཛ་དྲག་དང་གོ་རིམ་ཡོད་པའི་ངང་གྲལ་བཤེར་དང་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།

ཚེས་28ཉིན་གྱི་ཆུ་ཚོད་18ཙམ་ལ། གསར་འགོད་པས་ཀྲུང་གོ་ཨན་ནེང་ཚོགས་པའི་རོགས་སྐྱོབ་མི་སྣ་དང་མཉམ་དུ་སླར་ཡང་རླངས་འཁོར་བཏང་ནས་སྐྱིད་གྲོང་འགག་སྒོར་བསྐྱོད་ཅིང་། ལམ་ཕྱེད་དུ་སླེབས་སྐབས་འགྲིམ་འགྲུལ་ཉེན་རྟོག་པ་རྒྱུག་ཡོང་ནས་འགྲོ་ལམ་བཀག་སྟེ“ད་ལྟ་བརྡ་ཐོ་འབྱོར་སོང་། སྟོད་རྒྱུད་ཀྱི་འཁྱིལ་མཚོ་ལུད་གྲབས་ཡོད་པས། རོགས་སྐྱོབ་མི་སྣ་དང་གསར་འགོད་པ་ཚང་མ་ལམ་སེང་ཕྱིར་འཐེན་བྱེད་དགོས་ཀྱི་འདུག”ཅེས་བརྗོད་བྱུང་།

གསར་འགོད་པ་འཕྲལ་མར་སྐྱིད་གྲོང་གྲོང་རྡལ་དུ་ལོག་པ་དང་། རོགས་སྐྱོབ་སྟོབས་ཤུགས་རེ་རེ་གནས་དེ་གར་འཛོམས་པ་དང་མང་ཚོགས་ཀྱི་སེམས་ཁུར་ཡང་ཕྱོགས་བཞི་མཚམས་བརྒྱད་ནས་གནས་དེར་འབྱོར།

བཅར་འདྲིའི་བར་གསེང་དུ། གསར་འགོད་པས་དང་བླངས་གྱོན་གོས་གྱོན་པའི་གཞོན་ནུ་གསུམ་ལ་དོ་སྣང་བྱུང་། གླེང་མོལ་ཁྲོད་ཁོང་ཚོ་ནི་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་ནུབ་རྒྱུད་འཆར་གཞིའི་ནང་ཞུགས་པ་དང་། གནོད་འཚེ་ཐོན་པ་ཤེས་རྗེས་མ་གྲོས་གཅིག་མཐུན་ངང་མིང་ཐོ་བཀོད་དེ་དང་བླངས་ལས་དོན་ནང་ཞུཌ་པ་ཤེས་རྟོཌ་བྱུང་།

རོགས་སྐྱོབ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། དང་བླངས་པ་ཚོའི་བྲེལ་འཚུབ་ཀྱི་གོམ་པའང་སྤོ་མཚམས་བཞག་མེད། བོད་ལྗོངས་སྐྱིད་གྲོང་དུ། དུས་ཚོད་དང་འགྲན་པའི་བརྟན་སྲུང་དེ་སྔར་བཞིན་རྒྱུན་མཐུད་བཞིན་ཡོད།