སྦྲག་སྲིད་ཅུས་བྲག་གསུམ་མཚོ་ཚོང་ཁང་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུར་བརྟེན་ནས་དྲ་ཚིགས་ཐོག་སྐད་གྲགས་ཆོད་སར་གྱུར་བ།
林芝报-藏文版  2026-09-01
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱི་མཚོ་དཀྱིལ་གླིང་ཕྲན་འགྲམ་དུ་གནས་པའི་མཁའ་དབྱིངས་ཀྱི་བོད་ལྗོངས་ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་སྦྲག་སྲིད་ཅུས་བྲག་གསུམ་མཚོ་ཚོང་ཁང་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུར་བརྟེན་ནས་དྲ་ཚིགས་ཐོག་སྐད་གྲགས་ཆོད་སར་གྱུར་ཡོད། སྦྲག་སྲིད་ཅུས་དེས་སྦྲག་སྲིད་ཞབས་ཞུ་དང་། རིག་གནས་གསར་གཏོད་ཉམས་ལེན། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བཅས་གཞི་གཅིག་ཏུ་བསྡུས་པ་དེ་ནི་ཡུལ་སྐོར་བས་དྲན་རྟེན་དུ་འཇོག་པའི་རིག་གནས་ཡུལ་སྐོར་གྱི་བར་མཐོངས་ཤིག་ཡིན་ལ་ཉིང་ཁྲིའི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
སྟོན་འགོའི་དུས་སུ་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཛེས་ལྗོངས་ལ་ལྟ་བཞིན་མཛེས་ལྗོངས་ཁུལ་འགྲམ་གྱི་བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་བཞིན་ཡོད། སྦྲག་སྲིད་ཅུས་ནང་གངས་རི་དང་། མཚེའུ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཅས་ཡོད་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་། འཁྱགས་སྒམ་གྱི་སྦྱར་ཡིག་དང་ལྷ་མོའི་སྒྲིག་ཆས་སོགས་རིག་གནས་གསར་གཏོད་ཀྱི་དངོས་ཟོག་མང་དག་ཅིག་ཡོད། ཁྱད་ཆོས་ཟབ་མོ་ལྡན་པའི་དངོས་པོ་རེ་རེས་ཡུལ་སྐོར་བས་ཉིང་ཁྲིའི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་མ་ཟད། ལམ་བར་གྱི་མཛེས་ལྗོངས་ཀྱང་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།
བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱི་ལས་དོན་མི་སྣ་མཚོ་མགོ་གྲོང་ཚོའི་གྲོང་མི་ལྷ་མོས། སྦྲག་སྲིད་ཅུས་སུ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་དང་། ད་དུང་ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་འཁྱགས་སྒམ་གྱི་སྦྱར་ཡིག་སོགས་ཡོད། བྲག་གསུམ་མཚོའི་འཁྱག་སྒམ་སྦྱར་ཡིག་ནི་ཆེད་མངགས་བྲག་གསུམ་མཚོ་ལ་དམིགས་ནས་ཇུས་འགོད་བྱས་པ་ཞིག་ཡིན་པས་སྐོར་བ་མང་པོས་དགའ་པོ་བྱེད་ཀྱི་འདུག་ཅེས་དགའ་ཚོར་ཆེན་པོས་བརྗོད།
ཡུན་ནན་ནས་ཡོང་བའི་ཡུལ་སྐོར་བ་ཧྥན་ལགས་ཀྱིས་ཡིག་སྐོགས་མེད་པའི་འཕྲིན་ཡིག་འདེམས་ཞོར་དུ་ཁོང་གིས་བརྗོད་དོན་གཙོ་བོའི་སྦྲག་ཁང་ནས་ཐོན་རྫས་མང་པོ་ཉོས་ཏེ་གཉེན་ཉེ་ལ་བསྐུར་རྩིས་ཡོད་ཅེས་བརྗོད།
ཡུན་ནན་གྱི་ཡུལ་སྐོར་བ་ཧྥན་ལགས་ཀྱིས། འདི་གའི་ཡུལ་ལྗོངས་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་འདུག མཚོ་སྔོན་པོ་དང་ཐག་རིང་གི་གངས་རིས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་སྦྱིན་བྱུང་། ང་ཚོས་འགྲུལ་སྐྱེལ་རླངས་འཁོར་ནས་སྦྲག་ཁང་ནང་གི་རིག་གནས་གསར་གཏོད་སྣ་ཚོགས་མཐོང་བྱུང་བས། ང་ཚོས་རང་དབང་མེད་པར་དེ་ཉོས་པ་ཡིན་ཞེས་བརྗོད།
ཡུལ་སྐོར་བ་སྐུ་ཞབས་ཆའོ་ལགས་ཀྱིས་ཀྱང་ལག་རྟགས་འདེམས་ནས་ཕྲུ་གུར་འཁྱེར་རྩིས་ཡོད། ཉིང་ཁྲིའི་དྲན་རྟེན་དེར་ཨ་ཕ་ཞིག་གིས་བབ་ཆགས་པའི་བརྩེ་སེམས་བཅངས་ཡོད་ལ་བོད་ཁོ་ནར་དབང་བའི་དམིགས་བསལ་གྱི་བརྩེ་སེམས་ཀྱང་བཅངས་ཡོད་ཅེས་བརྗོད།
རིག་གནས་བསམ་བཀོད་ཀྱི་ཉམས་ལེན་ཙམ་མ་ཟད། བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱང་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་ཉིང་ཁྲིའི་དངོས་པོ་ཡག་པོ་འོས་སྦྱོར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སྦྲག་སྲིད་ཅུས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་ཆེད་མངགས་བཙུགས་ནས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་ཡུལ་སྐོར་སྤྲོ་འཆམ་བྱེད་པ་དང་དུས་མཚུངས་བར་ཐག་ཉེ་བའི་སྒོ་ནས“ཉིང་ཁྲིའི་བྲོ་བ”མྱོང་རོལ་ཐུབ་པ་བྱས་ནས་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་ནུས་ལྡན་ཕྱིན་ཡོད། བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་བཙུགས་ནས་གཉེར་སྐྱོང་བྱས་པ་དེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཐབས་ལམ་གསར་པ་བཏོད་དེ་ས་གནས་དེ་གའི་གཞོན་ནུ་རྣམས་སྒོ་རྩར་ལས་ཞུགས་ཐུབ་པ་བྱུང་ཡོད། མིག་སྔར་བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱིས “སྦྲག་སྲིད་དང་རིག་གནས་ཉམས་ལེན”གྱི་རྣམ་པ་སྣ་མང་ཧུར་ཐག་བཏོད་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད། འབྱུང་འགྱུར་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱིས་ས་གནས་དེ་གའི་རིག་གནས་ཀྱི་གཞི་རྒྱུ་སྔོག་འདོན་བྱས་ཏེ་རིག་གནས་གསར་གཏོད་ཐོན་རྫས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་བྲག་གསུམ་མཚོའི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་བརྒྱུད་སྤྲོད་ཐུབ་པ་བྱ་རྒྱུ་རེད། བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱི་འགན་འཁུར་བ་ལུའུ་ཧུང་གིས། ཟླ་4ཚེས་10ཉིན་ལས་འགོ་ཚུགས་ཚུན། གཉེར་སྐྱོང་གནས་ཚུལ་སྔོན་དཔག་ལས་ཆེས་ཆེར་བརྒལ་ནས་མཛེས་ལྗོངས་ཁུལ་གྱི་དྲ་ཐོག་ཏུ་སྐད་གྲགས་ཆོད་སར་གྱུར་པ་མ་ཟད། རིག་གནས་བརྒྱུད་སྤེལ་དང་ཞིང་པར་འབབ་འཕར་ཡོང་རོགས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་ས་གནས་དེ་གའི་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཐོན་རྫས་དེ་བས་མང་བ་འདོན་པ། ཞབས་ཞུའི་ཁེ་ལས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་དེ་རིག་གནས་ཉམས་ལེན་བྱེད་ས་དང་། སྦྲག་སྲིད་ཞབས་ཞུ། རིག་གནས་གསར་གཏོད་བྲིན་ཚོང་། ཞིང་ཕན་དམངས་ཕན་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་མིང་བྱང་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།