ཉིང་ཁྲིའི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་བསྐྱོད་ནས་སློབ་སྦྱོང་གི་རྒྱང་སྐྱོད་ལམ་བུ་གསར་པར་བསུ་བ་ཞུས་པ།

林芝报-藏文版  2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།འདི་ལོའི་དབྱར་གསེང་རིང་། ཉིང་ཁྲིས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྤུས་ལེགས་ཀྱི་ཞིབ་སྦྱོང་ཐོན་ཁུངས་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་གཞོན་ནུ་ལོ་ཆུང་གི་ཞིབ་སྦྱོང་འཚར་ལོངས་དང་། སོས་དལ་ཚ་གཡོལ། སྤྲོ་གསེང་བཅས་ཀྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད། གུང་གསེང་རིང་། ཉིང་ཁྲིའི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་བསྐྱོད་ནས་དམག་དོན་ཞིབ་སྦྱོང་བྱས་ཏེ་སྦྱོང་བརྡར་དང་ཞུན་བརྡར་ཁྲོད་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་ཟབ་ཏུ་བཏང་བ་དང་། ལྗོངས་ཕྱི་ནང་གི་མཐོ་རྒྱུགས་སློབ་ཐོན་སློབ་མ་མང་པོས་ཤུག་སྡོང་ཆེན་པོ་སོགས་ཁྱད་ལྡན་མཛེས་ལྗོངས་ཁུལ་དུ་

བསྐྱོད་དེ་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁྲོད་སློབ་སྦྱོང་གི་གནོན་ཤུགས་ཆུང་དུ་བཏང་བ་དང་ལུས་སེམས་ལེགས་སྒྲིག་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་གི་རྒྱང་སྐྱོད་ལམ་བུ་གསར་པར་བསུ་བ་ཞུས་ཡོད།

ཉེ་ཆར། ཉིང་ཁྲིའི་དམག་སའི་ལིའུ་ཡིང་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་དབྱར་གསེང་གི་ལོ་ཆུང་དམག་མིའི་སློབ་གྲྭའི་དབྱར་སྒར་གོ་རིམ་ལྡན་པའི་ངང་གཉེར་ཞིང་།གཞོན་ནུ་ལོ་ཆུང་བཅུ་ལྷག་ཙམ་གྱིས་འཚང་ཁ་ཤིག་ཤིག་ངང་སྦྱོང་བརྡར་ནང་ཞུགས་ཡོད། རྟེན་གཞིས་བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་ཅན་གྱི་དམག་དོན་དོ་དམ་ལག་བསྟར་བྱས་ཏེ་ནང་ལས་ལེགས་སྒྲིག་གི་དངོས་སྦྱོང་དང་། རྒྱལ་སྲུང་སྒྲིག་ཆས་ལད་ཟློས་བཀོལ་སྤྱོད། མཐའ་མཚམས་སྲུང་བའི་རྒྱལ་སྲུང་ཤེས་བྱ་ཁྱབ་གདལ་སོགས་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་གཞོན་ནུ་ལོ་ཆུང་དཔེ་དེབ་སློབ་ཁང་ནས་དོན་ཏེ་དམག་སྒར་གྱི་འཚོ་བ་ཉམས་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་གཅེས་མཐའ་སྲུང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་བཏང་ཡོད།

དབྱར་སྒར་གྱི་སློབ་ཁྲིད་དམག་དཔོན་ཧུའུ་ཡུའེ་ཀའོ་ཡིས། ཕྲུ་གུ་དེ་དག་ང་ཚོའི་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་ཡོང་ནས་དམག་དོན་ཅན་གྱི་སྦྱོང་བརྡར་ནན་པོ་བྱེད་དགོས། དཔེར་ན། རྒྱལ་སྲུང་སྒྲིག་ཆས་རབ་དང་རིམ་པའི་ཉམས་ལེན་ལས་རྒྱལ་སྲུང་གི་འདུ་ཤེས་དང་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཕ་མའི་བཀའ་དྲིན་དང་དགེ་རྒན་གྱི་བཀའ་དྲིན་ཚོར་བ། མེས་རྒྱལ་གྱི་བཀའ་དྲིན་ཚོར་བ་སོགས་ཤེས་ཀྱི་ཡོད། ཕྲུ་གུ་ཚོར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ནས་དེ་བས་རང་རྐྱ་འཕེར་བ་དང་དེ་བས་ཡར་ཐོན་ཡོང་བའི་ཡིད་ཆེས་ཡོད་ཅེས་བརྗོད།

དམག་དོན་སྦྱོང་བརྡར་ཚད་ལྡན་ནན་པོ་དང་སྣ་མང་ཕུན་སུམ་ཚོགས་པའི་ལག་ལེན་སློབ་ཚན་ཁྲིད་དེ་གཞོན་ནུ་ཚོར་རྔུལ་ཆུ་འདོན་དུ་འཇུག་པ་དང་འབད་འཐབ་མཐའ་འཁྱོངས་བྱེད་རིང་འཚར་ལོངས་དང་ངོ་བོ་འགྱུར་བའི་གྲུབ་འབྲས་ཐོབ་པ་བྱས་ནས་རྒྱལ་གཅེས་ཁྱིམ་སྐྱོང་གི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་ནང་རྩ་བ་ཚུགས་ཐུབ་པ་བྱས་ཡོད། དབྱར་སྒར་གྱི་སློབ་མ་ཀྲང་ཀྲེ་འོད་ཀྱིས། དེ་གར་དམག་དོན་ཅན་གྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་བྱུང་ལ། རྒྱལ་སྲུང་ཤེས་བྱ་ཡང་མང་པོ་ཞིག་ཤེས་བྱུང་། སློབ་གྲྭར་ལོག་རྗེས་ངས་རང་ཚུགས་རང་འབད་དང་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

དམག་དོན་ཞིབ་སྦྱོང་ཕུད། ཉིང་ཁྲིའི་སྔོ་ཞིང་དྭངས་བའི་རི་ཆུ་ཡང་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གིས་རང་བྱུང་ཁམས་དང་ཉེ་བཅར་དང་། གནོན་ཤུགས་ཆུང་དུ་གཏོང་བའི་འགྲོ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། ཤུག་སྡོང་ཆེན་པོའི་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་དེ་གའི་དྭངས་ཤིང་བསིལ་བ་དང་ཁྱད་དུ་འཕགས་པ་བཅས་ཀྱི་སྣོད་བཅུད་ཁོར་ཡུག་དེ་ཉིད་དབྱར་གསེང་རིང་སློབ་མ་ཚོའི་ལུས་སེམས་ལྷོད་དུ་འགྲོ་བ་དང་རང་བྱུང་ཁམས་དང་ཉེ་བཅར་བྱེད་པའི་དྲ་ཐོག་སྐད་གྲགས་ཆོད་པའི་ཡུལ་ཞིག་ཏུ་གྱུར་ཡོད། དབྱར་གསེང་མཇུག་འགྲིལ་གྲབས་ཡོད་པ་དང་བསྟུན་ནས་སློབ་མ་མི་ཉུང་བ་ཞིག་གིས་ནང་མིའི་རོགས་རམ་འོག་ནགས་ཚལ་དུ་འཆམ་འཆམ་བྱེད་པ་དང་། དུས་ཡུན་རིང་པོའི་སློབ་སྦྱོང་གི་ངལ་དུབ་སེལ་བ། ངལ་གསོ་དང་སེམས་ཁམས་ལེགས་སྒྲིག་བཅས་བྱས་ཏེ་ལུས་སྟོབས་ཀྱིས་ཁེངས་པའི་སློབ་དུས་གསར་པར་བསུ་བ་ཞུས་ཡོད།

ཁྱིམ་བདག་བྱམས་སྒྲོན་གྱིས། ང་ནི་ལྷ་ས་ནས་ཡོང་བ་ཡིན། དེ་རིང་ཤུག་སྡོང་ཆེན་པོའི་མཛེས་ལྗོངས་ཁུལ་དུ་ཡོང་ནས་ཕྲུ་གུ་ཚོར་སེམས་ལྷོད་ལ་བབ་ཏུ་བཅུག་པ་ཡིན། ཉིན་ཤས་སོང་རྗེས་སློབ་འགོ་ཚུགས་རྒྱུ་ཡིན་པས་ཕྲུ་གུ་ཚོ་སླར་ཡང་སློབ་སྦྱོང་གི་དུས་མཚམས་སུ་སླེབས་ཀྱི་རེད། ཉིང་ཁྲིའི་ས་ཆ་འདི་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད་ཡོད།

སློབ་མ་བྱམས་པ་ལྷ་མོས། ཉིང་ཁྲི་ནི་བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཡིན་པས། ངས་ས་ཆ་འདིར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། སྔོན་ལ་ལྷོད་ལྷོད་དུ་སྡོད་ཀྱི་ཡིན། དེ་ནས་སློབ་འགོ་ཚུགས་པའི་རྣམ་པར་དེ་བས་ལེགས་པའི་སྒོ་ནས་བསུ་བ་ཞུ་ཆེད་ཡིན་ཞེས་བཤད་ཡོད།

ད་ཐེངས་ཀྱི་གུང་གསེང་རིང་མཐོ་རྒྱུགས་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གིས་ཀྱང་ཉིང་ཁྲི་འདི་ཉིད་སློབ་ཐོན་ཡུལ་སྐོར་བྱ་ཡུལ་དུ་བདམས་ནས་གུང་གསེང་རིང་ཚ་གཡོལ་དང་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཉམས་སུ་མྱོང་ཡོད།

སློབ་མ་ཀའོ་ཁོ་ཤིན་གྱིས། ང་ནི་འདི་ལོ་མཐོ་རྒྱུགས་བཏང་མ་ཐག་ཡིན་པས་བོད་དུ་ཚ་གཡོལ་ཡུལ་སྐོར་ལ་ཡོང་བ་ཡིན། དེ་རྗེས་སྔ་སྣུར་དུ་སློབ་ཆེན་འགྲིམ་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད། དེ་རིང་ཤུག་སྡོང་ཆེན་པོའི་མཛེས་ལྗོངས་ཁུལ་དུ་སླེབས་པ་ཡིན། སེམས་ལ་དགའ་ཚོར་ཆེན་པོ་བྱུང་ཞེས་བཤད་ཡོད།

རྒྱལ་སྲུང་ཞིབ་སྦྱོང་གིས་ལོ་ཆུང་གི་བློ་སྟོབས་ཞུན་བརྡར་བྱས་པ་དང་རི་སྔོན་ཆུ་དྭངས་ཀྱིས་ལང་ཚོའི་གསོན་ཤུགས་འཕེལ་ཡོད། དབྱར་གསེང་རིང་ཉིང་ཁྲིས་སྣ་མང་ཕུན་སུམ་ཚོགས་པའི་ཞིབ་སྦྱོང་གི་ཐོན་ཁུངས་དང་མཛེས་སྡུག་ལྡན་སྣོད་བཅུད་མཛེས་ལྗོངས་ལ་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་བག་ཕེབས་རྣམ་པའི་འཚར་ལོངས་ཀྱི་སློབ་ཁང་བཏོད་ཡོད། སློབ་མ་ཚོས་ཀྱང་དབྱར་དུས་ཀྱི་གྲུབ་འབྲས་དང་རེ་སྒུག་གསར་པ་ཁེངས་ནས་སློབ་དུས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུ་རེད།