སྤོ་བོ་རྫོང་ཡིད་འོང་ཤང་གིས་ཤིས་ཀྭ་ཆུང་ཆུང་འདི་ཉིད་དམངས་ཕྱུག་གྲོང་དར་གྱི་ཐོན་ལས་སུ་གྱུར་ཐབས་བྱས་པ།

林芝报-藏文版  2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལྟེ་བའི་རྨང་རྡོ་ཡིན། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་ཆེད། ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་ཡིད་འོང་ཤང་གིས་ཡིད་འོང་ལུང་གཞུང་གི་གནམ་གཤིས་དང་ས་རྒྱུ་གཤིན་པོ་སོགས་རང་བྱུང་འདེབས་འཛུགས་ཀྱི་ལེགས་ཆར་བརྟེན་ནས་སྲོལ་རྒྱུན་གྱི་འདེབས་གསོའི་རྣམ་པར་འགྱུར་ལྡོག་བཏང་བ་དང་། ཆི་ལིན་ཤིས་ཀྭ་དྲོད་ཁང་ཆེ་མོའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། བེད་མེད་དུ་ལུས་པའི་ས་ཆ་བེད་སྤྱོད་གང་ལེགས་བཏང་བ། ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་བཅས་བྱས་ཏེ་ཆི་ལིན་གྱི་ཤིས་ཀྭ་ཆུང་ཆུང་འདི་ཉིད་དམངས་ཕྱུག་གྲོང་དར་གྱི་ཐོན་ལས་སུ་སྒྱུར་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད།

ཡིད་འོང་ཤང་གི་རང་བྱུང་ཆ་རྐྱེན་ལེགས་པོ་ཡོད་ཀྱང་སྲོལ་རྒྱུན་གྱི་འཕེལ་རྒྱས་བསམ་ཕྱོགས་འོག་ཐོན་ལས་ཐར་ཐོར་དང་ཕན་འབྲས་ཆེན་པོ་ཐོན་མེད། གནད་དོན་དེ་ཐག་གཅོད་བྱ་ཆེད། ཡིད་འོང་ཤང་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱས་ཏེ་ས་དམའ་གྲོང་ཚོར་ཚད་ལྡན་ཅན་གྱི་སྒྲིག་བཀོད་དྲོད་ཁང་ཆེ་མོའི་ཞིང་ལས་ཁྱབ་གདལ་ཤུགས་ཆེན་བཏང་ནས་དུས་ཚིགས་ཀྱི་འདེབས་འཛུགས་ཚོད་འཛིན་ལས་འགག་སྒྲོལ་བྱུང་ཡོད།

བེད་མེད་དུ་ལུས་པའི་ས་ཞིང་མུའུ་78གཅིག་སྡུད་བརྒྱུད་བཤུག་བྱས་ནས་སྤུས་ལེགས་ཀྱི་ཁྱད་ལྡན་འདེབས་འཛུགས་རྟེན་གཞིར་གྱུར་ཡོད། རྟེན་གཞི་བསྐྲུན་ནས་ཐོན་ སྐྱེད་བྱེད་འགོ་ཚུགས་རྗེས་གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལ་ཞིང་ནང་བདག་སྐྱོང་གི་ལས་གནས་བརྟན་པོ་མཁོ་འདོན་བྱས་ནས་གྲོང་མི་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་རམ་འདེགས་བྱས་ཡོད། ཐོན་ལས་འཕེལ་རྒྱས་ཀྱིས་ཡོང་འབབ་བརྟན་པོ་བྱུང་བ་མ་ཟད། གྲོང་མིའི་འཇོན་ཐང་ཆེ་རུ་གཏོང་བའི་སྟེགས་བུ་ཞིག་ཀྱང་བཏོད་ཡོད། འདེབས་འཛུགས་བྱེད་པོས“ལས་ཞུགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཟུང་དུ་འབྲེལ་རྒྱུ”མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་དྲོད་ཁང་ཆེ་མོའི་དོ་དམ་སྲུང་སྐྱོང་དང་། ཤིང་འབྲས་བདག་སྐྱོང་སོགས་དེང་རབས་ཀྱི་ཞིང་ལས་ལག་རྩལ་དམར་ཁྲིད་བྱེད་པ་དང་གྲོང་མིར་སྲོལ་རྒྱུན་གྱི་འདེབས་གསོའི་འདུ་ཤེས་འགྱུར་ལྡོག་གཏོང་རོགས་བྱེད་པ། ས་གནས་དེ་གའི་ཞིང་ལས་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བཅས་བྱས་ནས་ཐོན་ལས་ཕུགས་ཕན་འཕེལ་རྒྱས་ཆེད་སྟོབས་ཤུགས་གསོག་འཇོག་བྱས་ཡོད།

སྣོད་བཅུད་ཁོར་ཡུག་བཟང་པོ་དང་ཞིབ་ཚགས་པའི་དོ་དམ་སྲུང་སྐྱོང་བྱེད་སྟངས། ཉམས་སད་ཐེག་ཐུབ་པའི་སྤུས་ཚད་ལ་བརྟེན་ནས་ཡིད་འོང་ཆི་ལིན་གྱི་ཤིས་ཀྭ་ལ་ཁྲོམ་རའི་བསྔགས་བརྗོད་བཟང་པོ་ཐོབ་ཡོད། ད་ཆ། གྲོང་ཚོས་ས་ཞིང་བརྒྱུད་བཤུག་གི་བོགས་དངུལ་དང་ཐག་ཉེ་སར་ཡོང་འབབ་མང་དུ་གཏོང་བའི་མ་ལག་ཅིག་བསྐྲུན་ནས་རིམ་རྩིས་བྱས་ན་གྲོང་མིར་འབབ་འཕར་སྒོར་ཁྲི་20ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་5བྱུང་ཡོད། དེ་དང་ཆབས་ཅིག ཆི་ལིན་ཤིས་ཀྭ་ཡི་ཁྱད་ལྡན་འདེབས་འཛུགས་དང་ཡིད་འོང་སུར་པན་ཐོན་ལས་ཕྱོགས་གཉིས་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་ཤང་ཁོངས་ཐོན་ལས་ཀྱི་ལས་རྣམ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།