དེང་རབས་གསོ་ཚགས་ལག་རྩལ་རྨད། ཕྱུགས་རིགས་འཕེལ་ཁ་ཉིན་བཞིན་བཟང་།

林芝报-藏文版  2026-08-18

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་ལ་ཆ་སྙོམས་ས་བབ་སྨི་3000ལྷག་ཙམ་ཟིན་པ་དང་། རྩྭ་ཁ་ཡག་པ་དང་ཐོན་ཁུངས་འབེལ་པོ་ཡོད་པས་འབྲི་གཡག་གསོ་ཚགས་བྱེད་པ་ནི་ས་གནས་དེ་གའི་ཞིང་འབྲོག་པ་མི་རབས་ནས་མི་རབས་བར་གྱིས་རྒྱུན་འཛིན་བྱེད་པའི་ལས་ཀ་ཞིག་རེད། འོན་ཀྱང་ལོ་མང་རིང་མང་ཚོགས་མང་ཆེ་བས་འབྲི་གཡག་ཁ་ཐོར་གསོ་ཚགས་བྱས་པས་གཞི་ཁྱོན་ཆུང་ལ་ཡོང་འབབ་ཉུང་བ་མ་ཟད། ཁ་བ་བུ་ཡུག་དང་རིམས་ནད་སོགས་འཕྲད་སྐབས་འགོག་ཟོན་གྱི་ནུས་པ་མི་འདང་བར་ཐོན་ལས་དེ་ཐོག་མཐའ་བར་གསུམ་དུ་རྒྱ་སྟོབས་ཆེ་རུ་གཏོང་ཐབས་བྲལ།

སྲོལ་རྒྱུན་གསོ་ཚགས་ཀྱི་དཀའ་གནད་ལ་འགྱུར་ལྡོག་གཏོང་ཆེད། 2023ལོར་སྣང་རྫོང་རྫོང་ཨུད་དང་། རྫོང་སྲིད་གཞུང་། རིམ་ཁག་སྡེ་ཚན་བཅས་ཀྱི་རྒྱབ་སྐྱོར་འོག ལ་ཐོག་ཤང་གིས་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་སྒོར་ཁྲི་970བརྩོན་ལེན་བྱས་ཏེ་མཛངས་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིར་ཕྱོགས་ཡོངས་ནས་ཚད་ལྡན་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱས། ལོ་དེའི་ཟླ་12པར་སྒྱུར་བཀོད་བྱས་རྗེས་ཀྱི་ཚད་ལྡན་ཅན་གྱི་འབྲི་གཡག་རྒྱགས་གསོའི་རྟེན་གཞི་གསར་པ་བདེ་བླག་ངང་རྩིས་བླངས་ནས་སྤྱོད་འགོ་ཚུགས་པ་རེད། རྟེན་གཞི་དེ་ཤང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་10ཡིས་མཉམ་དུ་བསྐྲུན་པ་དང་ཐུན་མོང་གཉེར་སྐྱོང་བྱས་པས་སྔོན་ཆད་ཀྱི་སྲོལ་རྒྱུན་གྱི་རགས་ལས་རྣམ་པ་རྦད་དེ་མཇུག་འགྲིལ་ནས་ས་གནས་དེ་གའི་འབྲི་གཡག་གསོ་ཚགས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད།

“རྟེན་གཞི་རིམ་སྤོར་སྒྱུར་བཀོད་བྱས་རྗེས་གསོ་ཚགས་ཀྱི་ཐེག་ནུས་ཆེ་རུ་ཕྱིན་ཡོད”ཅེས་ལ་ཐོག་ཤང་མཛངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མགོན་པོས་བཤད། སྒྱུར་བཀོད་མ་བྱས་གོང་རྟེན་གཞིར་ལོར་ལག་ཡོད་འབྲི་གཡག་མགོ་གྲངས་300ནས་500བར་ལས་མེད་པ་དང་། ཚད་ལྡན་ཅན་གྱི་བཟོ་ཁང་དང་ལེ་ལག་ཚང་བའི་སྒྲིག་བཀོད་གསར་པ་སྤྱོད་འགོ་ཚུགས་རྗེས་ལོར་ལག་ཡོད་མགོ་གྲངས་700ནས་1000བར་མང་དུ་ཕྱིན་ཡོད།

ད་ཆའི་རྟེན་གཞིར་བཀོད་པ་ལེགས་པ་དང་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་མ་ཟད། ཚད་ལྡན་ཅན་གྱི་གསོ་ཚགས་དྲོད་ཁང་ཆེ་མོ་དང་། རིམས་འགོག་ཁང་། གཟན་ཆག་ལས་སྣོན་ཁང་། གཟན་ཆག་གསོག་ཉར་ཁང་བཅས་གང་དགོས་ཚང་མ་ཡོད། འབྲི་གཡག་ཉོ་སྒྲུབ་དང་། ཚན་རིག་དང་མཐུན་པའི་རྒྱགས་གསོ། གཟན་ཆག་གནད་སྨིན་སྟེར་བ་བཅས་ནས་གཅིག་གྱུར་ཕྱིར་ཚོང་བར་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་ཆགས་ཏེ། འབྲི་གཡག་གསོ་ཚགས་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཀྱི་འཕེལ་རྒྱས་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།

འབྲི་གཡག་ཡག་པོ་གསོ་བར་རྒྱུད་པ་ལེགས་བཅོས་བྱ་རྒྱུ་ནི་འགག་རྩ་ཡིན། རྟེན་གཞིས་ས་གནས་དེ་གའི་ས་མཐོའི་སྤུས་ལེགས་འབྲི་གཡག་གི་ཁྱུ་ཚོགས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་རྒྱུད་བཟང་འབྲི་གཡག་ཆེད་མངགས་ནང་འདྲེན་བྱས་ནས་ས་གནས་དེ་གའི་རྒྱུད་པ་དང་འདྲེས་སྦྱོར་གསོ་སྤེལ་བྱེད་ཀྱི་ཡོད། བྱེད་ཐབས་དེས་ས་གནས་དེ་གའི་འབྲི་གཡག་གི་གཟུགས་སྟོབས་ཆུང་བ་དང་སྐྱེ་འཚར་འགོར་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཁྱུ་ཚོགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ས་གནས་དེ་གའི་འབྲི་གཡག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཡང་ཆེ་རུ་བརྟན་པོ་ཕྱིན་ཡོད།ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་གསོ་ཚགས་བྱེད་སྟངས་ཀྱིས་རྟེན་གཞིའི་ཐོན་ལས་ཀྱི་ཕན་འབྲས་ལེགས་སུ་རྒྱུན་མཐུད་ཕྱིན་ཡོད། མིག་སྔར་རྟེན་གཞིས་ལོ་རེར་ཆ་སྙོམས་འབྲི་གཡག་མགོ་གྲངས་400ནས་800བར་བཤས་བཏང་བ་དང་། མིག་སྔར་རིམ་རྩིས་བརྒྱབ་ན་ལས་གཉེར་ཡོང་འབབ་སྒོར་ཁྲི་1823ཟིན་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་པ་རེད།

སྔོན་ཆད་ས་གནས་དེ་གའི་ཞིང་འབྲོག་པར“གསོད་མི་ཕོད་པ་དང་འཚོང་མི་ཕོད་པའི”འབྲི་གཡག་འཚོང་འདོད་མི་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་ལྡན་པ་དེས་གསོ་ཚགས་ཐོན་ལས་ཁྲོམ་ར་ཅན་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་ཡོད་མོད། འོན་ཀྱང་རྟེན་གཞི་ཚད་ལྡན་དང་ཡོངས་བསྒྲགས་ཀྱི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལས་ཚང་མའི་སྔར་ཡོད་ཀྱི་བསམ་བློར་རིམ་བཞིན་འགྱུར་ལྡོག་ཕྱིན་ཏེ། ཡུལ་མི་ཚོས་ཚན་རིག་དང་མཐུན་པའི་གསོ་ཚགས་དང་ཁྲོམ་ར་ཅན་གྱི་ཕྱིར་ཚོང་གི་འདུ་ཤེས་གསར་པ་རང་འགུལ་ངང་དང་ལེན་བྱས་ནས་ཕུགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་བསམ་བློའི་རྨང་གཞི་བཏིང་བ་རེད།

རྟེན་གཞིས་གཏན་འཇགས་ཀྱི་ལས་ཞུགས་ལས་གནས་3བཙུགས་པ་དང་གླ་པ་རྒྱུག་མཁན་ཡུལ་མིས་རྒྱུན་གཏན་གྱི་གཟན་རྩྭ་སྟེར་བ་དང་རྟེན་གཞིའི་བདག་སྐྱོང་སོགས་ཀྱི་ལས་དོན་གྱི་འགན་འཁུར་བར་ཟླ་རེར་གཏན་འཇགས་གླ་ཆ་སྒོར་6000ལེན་རྒྱུ་ཡོད། དེ་དང་ཆབས་ཅིག རྟེན་གཞིས་ད་དུང་ས་གནས་དེ་གའི་ཡུལ་མི་ཐག་ཉེ་སར་གླ་པ་རྒྱུག་པར་སྟབས་བསྟུན་བསྡུ་ལེན་བྱས་ནས་གཟན་རྩྭ་གཡོས་སྦྱོར་དང་། རྟེན་གཞིར་གཙང་སྦྲ། འབྲི་གཡག་ལ་ལྟ་སྐྱོང་སོགས་བྱེད་པའི་ལས་དོན་ནང་ཞུགས་ནས་ཉིན་རེར་གླ་ཆ་སྒོར་200ལེན་རྒྱུ་ཡོད། གཏན་འཇགས་ཀྱི་ལས་གནས་དང་སྟབས་བསྟུན་གླ་པ་རྒྱུག་པ་གཉིས་ཀར་ལྟ་རྟོག་བྱས་ཏེ་ཡུལ་མིའི་འབབ་འཕར་གྱི་ཐབས་ལམ་ཡངས་སུ་ཕྱིན་ཞིང་། མིག་སྔའི་བར་རྟེན་གཞིས་མང་ཚོགས་གླ་པ་རྒྱུག་པར་སྐུལ་ཁྲིད་བྱས་ནས་འབབ་འཕར་སྒོར་ཁྲི་70བྱུང་ཡོད། “ཁྱིམ་གྱི་སྒོ་ཁར་ལས་ཀ་བྱས་ནས་ཡོང་འབབ་བསགས་ཏེ་ཐག་རིང་དུ་སྐྱོད་མི་དགོས་པ་ལས་ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ལ་ཡོང་འབབ་ཀྱང་བརྟན་པོ་ཡོད་པས། སྟབས་ཧ་ཅང་བདེ་པོ་འདུག”ཅེས་མཛངས་གྲོང་ཚོའི་ཡུལ་མི་དཔལ་སྐྱིད་ཀྱིས་བློ་ཡིད་ཚིམ་པོས་བཤད།

གྲོང་ཚོའི་མཉམ་སྡེབ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་ལས་དུད་ཚང་ཚང་མར་ཐོན་ལས་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གྲོང་ཚོ་ཁག་གི་མ་རྐང་ནང་ཞུགས་པའི་བསྡུར་གྲངས་གཞིར་བཟུང་རྟེན་གཞིས་ལོ་ལྟར་ལོ་མཇུག་ཏུ་དུས་བཀག་ལྟར་ཁེ་སྤོགས་བགོ་འགྲེམས་རྒྱག་གི་ཡོད། 2025ལོར་རྟེན་གཞིའི་ལས་གཉེར་དངུལ་འབོར་སྒོར་ཁྲི་600ལྷག་ཙམ་ཟིན་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི་33བགོས་པ་དང་དུད་ཚང་ཁག་གི་ཡུལ་མིར་ཆ་སྙོམས་སྒོར་5000ཙམ་བགོས་པ་དེ་ལས་ཚང་མར་འཕེལ་རྒྱས་ཀྱི་ཕན་པ་དངོས་སུ་ལོངས་སྤྱོད་བྱེད་རྒྱུ་བྱུང་ཡོད།