སྤོ་བོ་རྫོང་གིས་སྲིད་དོན་ཞབས་ཞུ་གངས་ལེགས་བསྒྲུབས་ཏེ། དམངས་ཕན་ཁེ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བྱས་པ།

林芝报-藏文版  2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་དང་ཁེ་ལས་ཀྱི་ལས་དོན་སྒྲུབ་པའི་དཀའ་གནད་ལ་དམིགས་ཏེ་དུས་འགྱངས་ཞབས་ཞུ་ཁྱབ་གདལ་གཏོང་བ་དང་། གྲངས་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་ལེགས་སུ་གཏོང་བ། སྲིད་དོན་དང་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་སྲིད་དོན་ཞབས་ཞུ་དེ་བས་དམངས་ཕན་དང་། དེ་བས་དྲོ་སྐྱིད། དེ་བས་ནུས་ཆེ་བཅས་ཡོང་བར་བྱས་ཡོད།

མང་ཚོགས་ཚོར་འཕྲད་པའི“ལས་དུས་སྒྲུབ་ཁོམ་མེད་པ་དང་། ལས་གྲོལ་སྒྲུབ་དུས་མེད་པའི”ལས་སྒྲུབ་དཀའ་ངལ་ལ་དམིགས་ནས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་དུས་འགྱངས་ངང་ཞབས་ཞུ་སྒྲུབ་པ་དང་། དུས་ཆེན་དང་གུང་གསེང་རིང་ཞབས་ཞུ་སྒྲུབ་པ། གཟའ་མཇུག་ཏུ་ངལ་གསོ་མི་རྒྱག་པ་སོགས་ཁྱད་ལྡན་དམངས་ཕན་བྱ་ཐབས་བཏོན་ནས་སྲོལ་རྒྱུན་གྱི་གཏན་འཇགས་གཞུང་དོན་སྒྲུབ་པའི་དུས་བཀག་གི་ཚོད་འཛིན་མེད་པ་བཟོས་ཡོད། དེ་དང་ཆབས་ཅིག་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་དཔྱད་གཞི་པར་འདེབས་བྱེད་ཆོག་པ་དང་ས་གནས་ས་ཐོག་ཏུ་བློ་འདྲི་དང་དོགས་གནད་སེལ་བ་སོགས་ཀྱི་ལེ་ལག་ཚང་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་ཚད་ཉུང་དུ་བཏང་སྟེ་དམངས་ཕན་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ནས་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས་དེ་བས་སྟབས་བདེ་ཡོང་བ་བྱས་ཡོད།

བྱ་བ་སྒྲུབ་པར་ཡོང་མཁན་སྐུ་ཞབས་སུང་ལགས་ཀྱིས“ཞབས་ཞུ་དེ་ཧ་ཅང་ཡག་པོ་འདུག གནད་དོན་གང་ཞིག་ཡོད་རུང་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ལན་རྒྱག་སྲིད་པས་སྟབས་བདེ་པོ་འདུག དཔྱད་གཞིའི་ཡིག་རིགས་སོགས་རིན་པ་མི་དགོས་པར་པར་སྐྲུན་བྱས་ཀྱི་འདུག སེམས་ནང་དགའ་ཚོར་ཆེན་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

རིག་ནུས་སྲིད་དོན་འཛུགས་སྐྱོང་ལ་བརྟེན་ནས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་རང་འགུལ་ཞབས་ཞུའི་ས་ཁོངས་རྒྱུན་མཐུད་རིམ་སྤོར་བྱས་པ་དང་རིག་ནུས་ཅན་གྱི་ལས་སྒྲུབ་སྒྲིག་ཆས་མཁོ་འདོན་བྱས་ཏེ་ལས་སྒོ་མང་པོ་ཞིག་དུས་དང་རྣམ་པ་ཀུན་ཏུ་རང་འགུལ་ངང་གཉེར་ཐུབ་པ་བྱུང་ཡོད། དེ་སྔ་མི་ཐབས་ལ་བརྟེན་ནས་བང་བསྒྲིགས་ཏེ་སྒྲུབ་དགོས་པའི་གནས་སྐབས་ཐོབ་ཐང་ལག་ཁྱེར་དང་ས་ཁོངས་ལས་བརྒལ་བའི་ཐོབ་ཐང་ལག་ཁྱེར་གཉེར་བ་སོགས་ཀྱི་ལས་སྒོ་ཚང་མ་ད་ཆ་རང་འདེམས་སྒྲིག་ཆས་ལ་བརྟེན་ནས་རང་བརྟེན་བཀོལ་སྤྱོད་དང་མགྱོགས་མྱུར་སྒྲུབ་གཉེར་བྱས་ཏེ་ལས་སྒྲུབ་ཀྱི་དུས་ཚོད་དང་ས་ཁོངས་ཀྱི་ཚོད་འཛིན་མེད་པ་བཟོས་ནས“གཞི་གྲངས་ལས་ཀ་མང་དུ་བྱེད། དམངས་ཀྱི་དཀའ་བ་ཉུང་དུ་གཏོང་།”ཞེས་པ་པ་མངོན་འགྱུར་ཡོང་བ་བྱས་ཡོད།

སྤོ་བོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་རིག་འཛིན་སྒྲོལ་མས“མང་ཚོགས་ཀྱིས་སྒྲིག་ཆས་བརྒྱུད་ནས་གནས་སྐབས་ཐོབ་ཐང་ལག་ཁྱེར་གཉེར་ཆོག་པ་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནང་འཇུག་བྱས་ཚེ་ཐད་ཀར་ངོ་སྤྲོད་ཡི་གེ་འབྲི་ཆོག་པས་མིས་བཟོས་སྐར་ཁུང་དུ་བང་བསྒྲིགས་ནས་སྒུག་མི་དགོས། ས་ཁོངས་ལས་བརྒལ་བའི་ཐོབ་ཐང་ལག་ཁྱེར་གཉེར་བའི་ལས་སྒོ་ཡང་རང་འདེམས་བཀོལ་སྤྱོད་བྱེད་ཆོག་པ་དང་ལྗོངས་ནང་ཁུལ་དང་ཡང་ན་ལྗོངས་ཕྱིའི་ཐེམ་ཐོའི་མང་ཚོགས་གང་ཞིག་ཡིན་རུང་ཚང་མ་ས་གནས་ས་ཐོག་ཏུ་གཉེར་ཆོག་པས་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ”ཅེས་ངོ་སྤྲོད་བྱས།

ཁེ་ཕན་ཞབས་ཞུའི་ཐད་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ཐོག་མའི་འདྲི་རྩད་འགན་འཁྲིའི་ལམ་ལུགས་དང་། ཐེངས་གཅིག་རང་བཞིན་གྱི་གསལ་བཤད། བརྒྱུད་རིམ་ཧྲིལ་པོར་རོགས་སྒྲུབ་ཚབ་སྒྲུབ་སོགས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ།“བྱ་བ་གཅིག་ཐེངས་གཅིག་ལ་སྒྲུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་སྒྲུབ་བརྒྱུད་རིམ་རྒྱུན་མཐུད་ངང་སྟབས་བདེ་རུ་བཏང་བ་དང་ལས་སྒྲུབ་དུས་བཀག་ཐུང་དུ་བཏང་ཡོད། ཁྲོམ་རའི་ལྟ་སྐུལ་དོ་དམ་སྐར་ཁུང་གིས་སྐར་ཁུང་གཅིག་ནས་བདག་སྤྲོད་དང་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་ཐོ་འགོད་བྱ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲོམ་རའི་འཇུག་འཐུས་སྒྲུབ་གཉེར་ལྷུ་ཚིགས་ཁུ་བསྡུ་ཤུགས་ཆེན་བྱེད་དགོས། དེ་དང་ཆབས་ཅིག་ལྟེ་གནས་ཀྱིས“ཁེ་ལས་གཉེར་བའི་ལག་རྟགས་ཆེན་པོ”བཏོན་ནས་གསར་དུ་བཙུགས་པའི་ཁེ་ལས་ལ་གཅིག་འཐུས་རྣམ་པའི་གཉེར་བའི་ཞབས་འདེགས་ཞུ་བ་དང་། རིན་མེད་ངང་གཞུང་ཐམ་བརྐོ་བ་སོགས་ཀྱི་ལེ་ལག་ཚང་བའི་ཞབས་འདེགས་ཞུ་བ། ཁེ་ལས་ཀྱི་ལས་གཏོད་གཉེར་སྐྱོང་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་བ། རྫོང་ཁོངས་ཀྱི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་བྱེད་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།

གཞན་ཡང་། རྫོང་སྲིད་དོན་ཚོམས་ཆེན་གྱིས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ“སྲིད་དོན+ཡུལ་སྐོར”གྱི་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་ཆེད་མངགས་བཙུགས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཡུལ་སྐོར་བློ་འདྲི་དང་ཡུལ་སྐོར་ལམ་ཐིག་འཆར་འགོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་ཆེད་དང་ཆབས་ཅིག་ཚོམས་ཆེན་གྱིས་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་གསར་གཏོད་འགྲེམས་སྟོན་ཆེད་ཁུལ་ཞིབ་ཚགས་བཏོད་དེ་མང་ཚོགས་དང་ཡུལ་སྐོར་བར་ལས་སྒོ་གཉེར་བའི་ཁོམ་པ་བྱུང་སྐབས་སྤོ་བོ་རྫོང་གི་ཁྱད་ལྡན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་ནས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ཕྱོགས་གཉིས་ཀྱི་ནུས་པ་དང་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱ་རྒྱུ་རེད།

སྐལ་བཟང་གཡུ་སྒྲོན་གྱིས་སྒྱུར།