༄༅། ཡིད་ཀྱིས་སྨོན་སའི་ན་གཞོན།

རྫ་ཤུལ་བློ་བཟང་།

林芝报-藏文版  2026-07-14

རིགས་པའི་མདའ་མོ་ཤིན་ཏུ་དྲངས་ཤིང་བརྩོན་པའི་ཆུ་རྒྱུན་ལྷག་ཏུ་རིང་། །

རྣམ་དཔྱོད་གཤོག་རྩལ་མཁའ་རུ་བསྐྱངས་ཏེ་ལེགས་བཤད་སྙན་པའི་འུར་སྒྲ་སྒྲོག །

འཆད་རྩོད་རྩོམ་པའི་ལས་ལ་བྲེལ་མཁན་གཞོན་ནུའི་དཔུང་སྡེ་དཀར་པོ་དེར། །

མ་བཅོས་ཡིད་ཀྱི་སྨོན་འདུན་དྭངས་མོ་དེ་ཡི་ཕྱོགས་སུ་ངང་གིས་བཞུད ། །

འཆད་མཁས་ལྗགས་རྩལ་ཡང་མོ་དེ་ཡིས་ཐོས་འཛིན་ཡིད་ཀྱི་དབང་པོ་འཕྲོག །

རྩོད་པའི་ངར་ཤུགས་གློག་དམར་འཁྱུག་འདྲ་རྨོངས་མུན་དྲྭ་བའི་འཆིང་ཐག་བཅད། །

རྩོམ་རྩལ་སྙན་མོ་དབྱངས་ཀྱི་ང་རོས་ཚངས་སྲས་བུ་མོའི་འཛུམ་ཆུང་དཀྲོལ། །

ཐོས་བསམ་རིག་པའི་གནས་ལ་སློབ་མཁན་གཞོན་ནུ་དེ་དག་ཡིད་དུ་འོང་། །

ཤེས་རིག་སྐྱེད་ཚལ་འགྲིམས་པའི་གྲོགས་ལ་རིགས་པའི་ཨུ་དུམ་ཝཱ་ར་འཁྲུངས། །

བསོད་ནམས་གཟི་བརྗིད་མངོན་པར་མཐོ་བས་མཐོང་འདོད་ཡིད་ཀྱི་རེ་འབྲས་བཞིན། །

མཁས་པའི་གནས་ལ་རབ་ཏུ་བརྩོན་པའི་གཞོན་ནུའི་དཔུང་སྡེ་ཁྱེད་ཅག་ལ། །

རབ་ཏུ་དུང་ཞིང་ཧ་ཅང་ཞེན་ཡོད་སེམས་ཀྱི་འདུན་མ་ཁྱེད་ཚོར་ཕྱོགས། །

དཀའ་ཚེགས་ངལ་དུབ་ཅི་ཙམ་འཕྲད་ཀྱང་འབད་བརྩོན་སྙིང་སྟོབས་མི་ཞན་པར། །

ལེགས་བཤད་ནོར་བུའི་བང་མཛོད་ནང་དུ་འཛུམ་བག་དགོད་པའི་གཞོན་ནུ་ཚོགས། །

ཤིན་ཏུ་སྨོན་ནོ་ཁྱེད་ཅག་འདྲ་བར་རིག་པའི་གནས་ལ་བསླབ་ནུས་ཚེ། །

དགའ་བའི་ཚོར་འདུ་ས་ཆེན་འདི་རུ་ཤོང་བར་དཀའ་བའི་དོགས་པ་སྐྱེས། །

ཕྱི་ནང་རིག་པའི་གནས་ལ་མཁས་ཤིང་གཞན་དྲིང་མི་འཇོག་མཁས་པ་སྟེ། །

གཟུར་གནས་དྲང་བའི་རིག་པ་དེ་ཡིས་མདོ་སྔགས་གནས་ལ་མཁྱེན་རྒྱ་ཆེ། །

རིན་ཆེན་རྣམས་གསུམ་རྒྱན་དུ་བཏགས་པའི་གཞོན་ནུ་སྣང་བ་མཐོན་པོ་ཅན། །

ཁྱུང་ཆེན་ནམ་འཕང་གཏོད་པ་ཇི་བཞིན་གཟི་དཔལ་སྙན་པ་གང་སར་ཁྱབ། །

ཟོལ་མེད་རིག་པའི་རྒྱབ་རྟེན་དེ་ལ་དཔྱད་གསུམ་དག་པའི་ལུང་གིས་མཛེས། །

ཅོལ་ཆུང་བྱིས་བློའི་བརྟུལ་ཞུགས་མ་བཟུང་ངོ་མ་བླངས་དོར་ཕྱོགས་ལ་མཁས། །

ཉིན་མཚན་ཐོས་བསམ་ལས་ལ་བྲེལ་བ་གཞོན་ནུའི་སྡེ་ལ་རབ་ཏུ་སྨོན། །

སྨོན་པའི་ཚིག་གི་དར་དཀར་འདྲ་བོ་འདི་ནས་འཐེན་ན་སུ་ཡིས་མཐོང་། །

ཕྲག་དོག་དུག་གི་མེ་ལྕེ་འདྲ་བ་ཤེས་རབ་བསིལ་རྒྱུན་དྭངས་མས་གཟིམས། །

འདོད་ཞེན་སྲིད་པའི་བུ་མོར་མ་ཆགས་ཐོས་བསམ་ཕྱོགས་སུ་སེམས་པ་གཏད། །

དུས་རབས་གསར་བའི་མིག་རྒྱང་རིང་བ་མང་ཐོས་ཡོན་ཏན་ཅན་གྱི་སྡེ། །

བསིལ་ལྡན་འཛིན་མའི་ཁྱོན་དུ་གནས་པ་དངོས་གནས་བསྐལ་པ་བཟང་བར་སྙམ། །

གནའ་དེང་རིག་པའི་གཙུག་ལག་ཁང་དུ་ཤེས་བྱའི་གླེགས་བམ་ཁྱེད་ཀྱིས་བརྩིགས། །

ཤེས་དཔལ་ལོངས་སྤྱོད་མཛོད་ཀྱི་བདག་པོ་ཤེས་རིག་ཅན་གྱི་མི་བུ་དག །

ཚིག་དོན་སྙིང་པོ་སྦྲང་རྩིའི་རོ་བཅུད་འཐུང་བའི་གཞོན་ནུ་ཁྱུ་ཚོགས་ལ། །

བསྔགས་བརྗོད་ཚིག་གི་མེ་ཏོག་དཀར་པོ་སེམས་ཀྱི་གཏིང་ནས་འདི་ལྟར་ཕུལ། །

གཞུང་ལུགས་མཚོ་མོའི་ཕ་མཐར་བརྒལ་ཞིང་རིགས་པའི་དེ་ཉིད་མཐོང་བ་འདྲ།།

བདེན་དོན་གནས་ལུགས་ཇི་བཞིན་མཇལ་ནས་བློ་མིག་ཡངས་མོ་ཁྱེད་ལ་མངའ། །

ཚེ་གཅིག་ཐོས་བསམ་སྒོམ་ལ་བརྩོན་པའི་དད་བརྩོན་ཤེས་རབ་ཅན་ལ་གུས། །

གུས་པས་འདུད་དོ་ཡིད་ཀྱིས་སྨོན་ཡོད་གཞོན་རབས་ཤེས་ཡོན་ཅན་གྱི་སྡེ། །