logo
查看本期全部内容

༄༅ །དབྱར་ཁའི་སློབ་གླིང་།

མཚོ་བྱུང་འཛིན།

林芝报-藏文版&nbsp&nbsp2026-07-14

དཔྱིད་ཀྱི་དཔལ་མོ་ཉལ་འགྲོའི་བཞུར་སྒྲའི་ཀློང་ནས་རྒྱང་རིང་དུ་བཞུད་ཅིང་། སླར་ཀུན་ལ་མོས་པའི་དབྱར་གྱི་བུ་མོས་མེ་ཏོག་གི་མཛེས་པ་བསྣམས་ནས། མཐོ་རྫ་རི་དང་སྤང་རི། ནགས་རྒྱ་རྫོང་དང་ཆུ་དྭངས་མོ་བཅས་ལ་བསྐོར་ནས་ཕེབས་འོངས།

ཞོགས་པར་སློབ་གྲྭའི་ཁོར་ར་ཁོར་ཡུག་ཀུན་ཏུ་ཁྱོན་ཡོངས་ནས་སྨག་ཆེན་ལང་ལོང་ལྡང་ཞིང་འཐིབས་པར་གྱུར་ཏེ། གཅིག་གིས་གཅིག་ལ་བལྟས་ཀྱང་ཡོད་ཚད་སྤྲིན་པ་སྲབ་མོ་ཞིག་གིས་བསྟིམས་ནས་འདུག་པ་ནི་ལྷ་ཡུལ་ཁམས་དང་གཉིས་སུ་མ་མཆིས།

རྒྱང་རིང་གི་ས་འཛིན་གྱི་ཕག་ལ་ཡིབས་པའི་རྟ་བདུན་དབང་བོའི་འཛུམ་ཞལ་དང་བཅས་ཏེ་སྤྲོས་པ་ན། ནོར་འཛིན་བུ་མོའི་ཁྱོན་ཡོངས་སུ་རྒྱུ་བའི་སྨག་ཆེན་དེ་གར་སོང་ཆ་མེད་དུ་ཡལ་ཞིང་། ཞིང་ཁའི་ལོ་ཏོག་དང་། ནེའུ་གསིང་གི་སྤང་ཐང་།རྩྭ་རྩི་ཤིང་ལ་སྔར་མེད་ཀྱི་ཁ་དོག་ཅིག་ཕབ་ཅིང་། དེ་བཞིན་འབའ་འབུ་སྲོག་ཆགས་དང་། བྱ་བྱེའུ་འདབ་ཆགས་ཀུན་ལ་མགྲིན་པའི་ངག་གི་དབྱངས་རྟས་བརྒྱན་པར་བྱེད།

ཉིན་གུང་གི་མཚམས་སུ། རྟ་བདུན་དབང་བོའི་གསེར་མདོག་གི་འོད་སྣང་ནོར་འཛིན་བུ་མོར་ཁྱབ་མེད་དུ་འཕྲོས་ཏེ། སྤོས་ཤེལ་གྱི་དོ་ཤལ་འཆིང་བ་ལྟ་བུའི་རྒྱབ་རིའི་ལྗོན་ཤིང་ཚོགས་རྣམས་གསེར་ལམ་ལམ་དུ་སྣང་ཞིང་། གཡུ་ཡི་གཞོང་བར་གསེར་གྱི་ཕྲ་བརྒྱན་བཏབ་འདྲའི་ས་འཛིན་གྱི་རི་བོ་རྣམས་ནི། ནམ་ཞིག་གི་ཚེ་ལྷ་ཟེར་བའི་བྱེད་པོ་ཞིག་གིས་ཨམ་ཕྲག་ཏུ་བཅུག་ནས་ཁྱེར་རྩིས་བྱེད་པ་དང་ཀུན་ནས་མཚུངས།

ཕྱི་དྲོ་དེ་ཡང་། དབྱར་ཁའི་ནམ་ཟླ་བཟང་པོའི་འོག སློབ་གྲོགས་རྣམས་ཀྱི་སློབ་ལྭར་མཚར་སྡུག་རྣམ་པར་བཀྲ་ཞིང་། སྨུག་མདོག་གི་བཞིན་རས་ནི་མཚམས་སྤྲིན་དང་འདྲ་ལ། བདེ་སྐྱིད་ཀྱི་ཉམས་མདངས་ཤིག་མངོན་པར་རྒྱས། ཀ་ལ་པིང་ཀ་དང་བཅས་པའི་འདབ་ཆགས་ཚོགས་རྣམས་སློབ་གྲྭའི་བར་སྣང་བརྒྱུད་ནས་རྒྱང་ལ་བཞུད་ཅིང་། རེ་བ་དང་སྨོན་པས་ཕྱུག་པའི་སློབ་གྲོགས་ལ་ལས་འདབ་ཆགས་ཀྱི་འཕུར་རྩལ་ལ་ལད་ཟློས་བྱེད་བཞིན་འདུག

དགོང་མོར། དབྱར་ཟླ་དཀར་པོ་མཁའ་ལ་བཏགས་ཤིང་། ཡོད་ཚད་དངུལ་མདོག་གི་འཇིག་རྟེན་གསར་བ་ཞིག་གིས་ཁ་སྣོན་རྒྱབ། ཀུན་གྱིས་འཇིག་རྟེན་གསར་བ་འདིར་དྲི་མས་སྦག་བཙོག་བྱེད་པར་དོགས་ནས་མཐའ་གཅིག་ཏུ་སྦས་སྐུང་བྱེད་པ་དང་ཀུན་ནས་མཚུངས་ཏེ་སློབ་གྲྭའི་ཕྱོགས་ཡོངས་སུ་ལྷིང་ཞིང་འཇགས།

ཨེ་མ། ཕྱི་ལྗང་མདོག་རི་བོས་བསྐོར་ཞིང་། ཐང་ན་ཀླུ་ཆུ་སྔོན་མོ་ལྷུང་ལྷུང་འབབ་པའི་ཆུའི་ཁུགས་སོ་ན་གནས་པའི་ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་གི་དབྱར་ཁའི་ཡུལ་ལྗོངས་ནི་ཇི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་ཨང་།

查看本期全部内容