logo
查看本期全部内容

༄༅། ང་ཡི་རྨོ་རྨོ།

དགུ་བ།

林芝报-藏文版&nbsp&nbsp2026-07-14

ངའི་རྨོ་རྨོ་ལགས་ནི་ན་ཚོད་ཤིན་ཏུ་བགྲེས་ཤིང་སྐྲ་ལོ་དུང་ལྟར་དཀར་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན། ཁོ་མོའི་ཁ་ཚིག་ཅུང་རྩུབ་ལ་བློ་ཁོག་ཡང་ཅུང་དོག་མོད། ཡིན་རུང་། སེམས་དང་བསམ་པ་དཀར་པོ་ཞིག་ཡོད། ནང་སེམས་ཀྱི་དད་པ་བརྟན་ཞིང་ལས་དང་རྒྱུ་འབྲས་གཉིས་ཚུལ་བཞིན་དུ་བསྲུངས་ནས་ཡོད།

གཞི་འཁོར་བ་འདིའི་ཆེད་དམ། ཡང་ན་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དག་གི་དོན་ལ་ནངས་སྔ་ལངས་དང་། དགོང་འཕྱི་ཉལ་བྱས་ནས་ཡོད། བྱིས་པ་ཚོ་ལོ་ཆུང་དུས་སུ་ཁྱོ་ག་འདས་ཏེ། འཁོར་བའི་དཀའ་སྡུག་ཡོད་ཚད་ཁོ་མོ་གཅིག་པུས་ཁུར་ནས། ན་ཚོད་དར་ལ་བབ་པའི་གཟུགས་གཞི་སྒུར་ཞིང་། ལས་ཀྱི་ཐོད་པའི་ཁ་ཡིག་ལ་རྒས་པའི་གཉེར་མས་གཡོཊ།

ཁོ་མོའི་བྱམས་བརྩེ་ཡི་ནང་དུ་ཉི་ཟླ་ཤོང་། ཁྲེལ་གཞུང་གྱི་ནང་དུ་རི་རབ་བསྙལ། མདོར་ན་ཁྱེད་ཀྱིས་རང་བུ་རྒྱུད་ཡ་ཆུང་གི་སྲོག་ལྟར་གཅེས་ཤིང་ཡ་ཐོད་ཀྱི་མིག་ལྟར་བསྐྱངས། གཞི་འཁོར་བ་འདི་ལ་སེན་སྟེང་རྣག་དང་སེན་མགོ་ཁྲག་བྱས་ཏེ་དཀའ་ལས་མྱངས་པ་ཉུང་ཉུང་ག་ལ་ཡིན། ལྗིད་ཏིག་ཏིག་གི་ལོ་ཟླ་མང་བོ་ཞིག་འགོར་ཀྱང་ཁྱེད་གཅིག་པུས་གདོང་གིས་བསུས་ཏེ། མི་ཚེའི་དགའ་སྐྱོ་ཆགས་སྡང་མང་བོ་རང་ཉིད་གཅིག་པུའི་སེམས་སུ་ཉར་ཞིང་ན་ཟུག་ཡོད་ཚད་སེམས་སུ་བཟུང་།

ནམ་ཟླ་སྟོན་དགུན་གཉིས་ཀྱི་མཚམས་ལ་ནི། ངས་ཅིས་ཀྱང་ཁྱེད་ཉིད་དྲན་འོངས་ལགས། སྟོན་རླུང་ཤུར་ཤུར་གྱི་ཡུལ་དང་ལུང་བ་གང་སར་ལྡང་། ཁ་ཐག་དང་སེམས་ཐག་ཉེ་བའི་ང་ཡི་རྨོ་རྨོ་ལགས།

ད་ཆ་ཁྱེད་རང་གང་དུ་བཞུགས། ངས་ཅིས་ཀྱང་དང་ལེན་མི་ཐུབ་པ་ནི། སྐྱེ་བ་ནི་འཆི་བ་ཡིན་པ་དང་། འཛོམས་པ་ནི་བྲལ་བ་ཡིན་པ་དེ་མ་རེད། ངས་ཅིས་ཀྱང་དང་ལེན་མི་ཐུབ་པ་ནི། གློ་རྡེག་གློ་རྡེག་ཅིག་ལ་ཁྱེད་ང་ཚོ་དང་གཞི་ནས་གྱེས་སོང་བ་དེ་རེད།

འདི་ནི་གནམ་རྒན་མས། ང་ལ་མི་རྟག་པ་ཟེར་བ་ཞིག་ངོས་ཟིན་དུ་བཅུག་པ་མ་ཡིན་ནམ། ཚེ་ཡི་རིང་ཐུང་ནི་སུས་ཀྱང་ཚད་ཐིག་མི་ཟིན་པ་ཞིག་གོ ཡང་ན། ང་ཡི་རྨོ་རྨོ་ལགས། ཁྱེད་དང་འུ་གཉིས་ཀྱིས་ལས་སྐལ་འདི་ལྟར་རྫོགས་དགོས་པ་ནི་སྔོན་གྱི་ལས་སྐལ་ཞིག་ཀྱང་མ་ཡིན་ནམ།

ཁྱེད་མེད་པ་ནི་ང་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་གྱི་མི་ཞིག་ཇེ་ཉུང་དུ་སོང་བ་མ་ཡིན་ནམ།

ལོ་དང་ཟླ་བ་རེ་རེ་ཉིན་དང་ཞག་མ་རེ་རེ་ཁྱེད་དྲན་པ་ནི།

གང་གིས་ཀྱང་མཚོན་ཐུབ་པ་ཞིག་མ་ཡིན་པར། ཁྱེད་མེད་པ་ནི་ངའི་ནང་སེམས་སུ་ཆུ་འཁྱག་བླུགས་པ་དང་མཚུངས།

查看本期全部内容