དོན་ཆུང་ཞིབ་ཚགས་སྒྲུབ། འགན་འཁྲི་འཁུར་སེམས་ཆེ།

-- བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཟླ་བ་དབྱངས་ཅན་གྱི་ངལ་རྩོལ་གཏམ་རྒྱུད།

山南报藏文  2026-05-08

ཟླ་བ་དབྱངས་ཅན་ཐོག་མར་མཐོང་སྐབས། ཁོ་མོས་དཀར་ཆུ་འོ་མའི་ལས་སྣོན་འཁོར་ཁང་འགྲམ་གྱི་བ་ཚང་མདུན་དུ་ལག་དེབ་ཆུང་ཆུང་ཞིག་འཁྱེར་ནས་ལག་རྩལ་པའི་འགྲེལ་བཤད་ཉན་གྱིན་ཞོར་དུ་ཟིན་ཐོ་འགོད་པ་དང་། སྐབས་འགར་མགོ་བོ་ཡར་བཀྱག་ནས་དོགས་གཞི་འདྲི་གིན་ངོ་གདོང་ལས་དམིགས་བསལ་འཛུམ་མདངས་ཞིག་འཕྱུར་བཞིན་འདུག

ལོ་36ལ་སླེབས་པའི་ཁོ་མོ་ནི་ད་ཆ་ལྷོ་ཁ་གྲོང་ཁྱེར་ཡུང་ཁྲོང་འཕེལ་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཏང་ཀྲི་པུའི་རྩ་འཛུགས་ཨུ་ཡོན་རེད། མི་རིང་བའི་གོང་དུ་། 2026ལོའི་བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། ཁོ་མོ་ཡང་གཟི་བརྗིད་ལྡན་པའི་ངང་མིང་ཐོ་དེའི་ནང་ཚུད་ཡོད། གཞི་རིམ་ནས་གོམ་པ་རེ་རེ་བཞིན་འཚར་ལོངས་བྱུང་བའི་ཟླ་བ་དབྱངས་ཅན་གྱིས་བགྲང་བྱ་བཅུ་གྲངས་རིང་ལས་གནས་བརྟན་སྲུང་དང་དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་ངལ་རྩོལ་པའི་འགན་འཁྲི་དང་ཁུར་ཕོད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད། 2016ལོར་ཟླ་བ་དབྱངས་ཅན་གྱིས་ལས་གནས་སུ་ཞུགས་ཚུན། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་ཧུར་ཐག་བྱས་པ་དང་།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་གི་གཙོ་དོན་ཉིན་མོ་སོགས་ཏང་འཛུགས་སྐྱོང་གི་ལས་ཀའི་ལམ་ལུགས་ཁག་ཚད་ལྡན་དུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་ཁོང་གིས་ཏང་ཀྲི་པུའུ་ལ་གཞོགས་འདེགས་ཀྱིས་ཏང་ཡོན་45ཙམ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རོགས་བྱས་པས་ཏང་རྩ་འཛུགས་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་བཙན་རྫོང་ཞིག་ཏུ་གྱུར་ཡོད།

སྲིད་འཛིན་དོ་དམ་ལས་གནས་ཐོག་ཟླ་བ་དབྱངས་ཅན་གྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་སྒྲུབ་གསར་བརྗེ་བྱས་ཏེ་དེང་རབས་ཅན་གྱི་དོ་དམ་བྱེད་སྟངས་ནང་འདྲེན་དང་། ལས་ཀའི་བརྒྱུད་རིམ་ཧྲིལ་པོ་ཞིབ་ཚགས་ཅན་གྱི་དོ་དམ་དང་ལས་རྗེས་དཔྱད་ཞིབ་མ་ལག་བཙུགས་པས་ལས་བཟོའི་ལས་སྒྲུབ་གསོན་ཤུགས་འཕེལ་ཡོད། ཁོང་གིས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱི་ནང་གཉིས་ཀྱི་ལས་སྒོའི་གསོ་སྦྱོང་རྒྱུན་རྣམ་ཅན་སྒྲིག་འཛུགས་བྱས་པས་ལས་མི་ལས་གནས་ནས་ཁ་བྲལ་ཚད་20%ནས་5%བར་དམའ་རུ་སོང་བ་རེད། ཁོང་གི་སྤྱི་འདོམས་མཐུན་སྦྱོར་འོག་ཨར་སྐྲུན་དང་། མགྲོན་ཁང་། དཀར་ཆུ་འོ་མའི་ལས་རིགས་སོགས་སྣ་མང་ལས་སྒོ་མཉམ་དུ་སྐུལ་འདེད་ཐུབ་ནས་ཀུང་སིའི་སྲིད་འཛིན་འཁོར་སྐྱོད་ཀྱི་སྤུས་འབྲས་ཆེས་ཆེར་མཐོ་རུ་ཕྱིན་ཏེ་ལས་རོགས་ཚོས“བློས་འགེལ་ཆོག་ཤོས་ཀྱི་རྟེན་ས”རེད་ཅེས་བྱམས་བརྩེ་ཆེན་པོས་ཤོད་ཀྱི་ཡོད།

ལས་ཞོར་དུ་ཟླ་བ་དབྱངས་ཅན་གྱིས་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས། ཁོང་གིས་རང་འགུལ་ངང་ལྷུན་རྩེ་རྫོང་ཡེར་པ་གྲོང་ཚོ་དང་རྩ་རི་ཤང་གི་གནས་སྤོས་དུད་ཚང་127གྱི་མང་ཚོགས་དང་འབྲེལ་གཏུགས་བྱས་ཐོག་འཚམས་འདྲིའི་དངུལ་སྒོར་ཁྲི་38.1སྤྲད་པ། ཀུང་སིར་བཞོན་མ་གསོ་ཚགས་དང་སྔོ་ཚལ་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་རོགས་བྱས་ནས་ལོ་ལྟར་དབུལ་སྒྲོལ་མང་ཚོགས་1072ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པར། ལོ་6ནང་རིམ་རྩིས་བྱས་ན་སྒོར་ཁྲི་637.2ཟིན་ཡོད། རིམས་ནད་ཐོན་རིང་། ཁོང་གིས་ཀུང་སིར་གཞོགས་འདེགས་བྱས་ནས་ལྷུན་རྩེ་ཆུ་བོའི་གསོལ་མགྲོན་ཁང་ལོགས་དབྱེའི་ས་ཆ་བྱས་ཏེ་རིན་པ་མི་དགོས་པར་རིམས་འགོག་ས་ཚིགས་3བསྐྲུན་འགན་འཁུར་བ་དང་། རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ། ཚོང་དུད་ཀྱི་བོགས་དངུལ་ཆག་ཡང་དང་རྩ་ཆག་བཏང་བ་སོགས་རིམ་རྩིས་བྱས་ན་སྒོར་ཁྲི་500ལྷག་ཙམ་ཟིན་པ། ཆབས་ཅིག་ལས་མི་ཉུང་འཕྲི་མི་བྱེད་པར་གླ་ཕོགས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས། ཉེ་བའི་ལོ་ཤས་རིང་། ཀུང་སིས་འཚམས་འདྲི་དང་། སློབ་གསོའི་རོགས་སྐྱོར། ལམ་བཟོ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1900ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད་པའི་ནང་། ཟླ་བ་དབྱངས་ཅན་གྱི་སེམས་ནུས་དང་དཀའ་སྤྱད་འབད་བརྩོན་ནི་ཁ་བྲལ་ཐབས་མེད།

ལས་རོགས་ཚེ་གཡང་གིས“ཁོང་གིས་ང་ཚོ་ཁྲིད་དེ་སྤྱི་ཕན་ཞབས་ཞུའི་ནང་ཞུགས་པ་དང་གྲོང་གསེབ་ཏུ་འཚམས་འདྲིར་བསྐྱོད་སྐབས་དཀའ་ངལ་གཏན་ནས་ཤོད་མི་སྲིད། དབུལ་སྒྲོལ་མང་ཚོགས་ལ་ཁེ་སྤོགས་བགོ་འགྲེམས་བྱེད་རིམ་བཞིན་ཁོང་གིས་ངལ་རྩོལ་གྱི་དོན་སྙིང་སྐོར་གསལ་བཤད་གནང་གི་ཡོད་པས། ཁོང་ནི་ང་ཚོའི་ཉེ་འགྲམ་གྱི་མིག་དཔེ་གསོན་པོ་ཞིག་རེད”ཅེས་བརྗོད།

ལྗིད་ཏིག་ཏིག་གི་གཟི་བརྗིད་མཚན་སྙན་དེའི་མདུན་དུ་ཟླ་བ་དབྱངས་ཅན་གྱིས“བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པར་ང་ལ་གཟི་བརྗིད་ཆེན་པོ་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། ངས་བལྟས་ན་ངལ་རྩོལ་ནི་བློས་གཏོང་བྱས་པ་ཞིག་ཡིན་པ་མ་ཟད། འགན་འཁྲི་དང་ཁུར་སེམས་ཞིག་ཀྱང་ཡིན་པས། དེའི་ནང་ཕ་ཡུལ་དང་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་འདུས་ཡོད། བྱ་བ་ཆུང་ཙག་གང་ཡིན་རུང་དམ་འཛིན་ཞིབ་ཚགས་དང་། འགན་འཁྲི་ཅི་ཞིག་ཡིན་རུང་ཕྲག་ཏུ་བརྟན་པོར་འཁུར་བ་ནི་ངས་ངལ་རྩོལ་གྱི་སྙིང་སྟོབས་ལ་བཅངས་པའི་བསམ་ཤེས་དང་ལག་ལེན་ཞིག་ཡིན”ཞེས་བརྗོད།

ཟླ་བ་དབྱངས་ཅན་གྱིས་དངོས་སྒྲུབ་ལ་བརྟེན་ནས་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ལ་གསལ་འགྲེལ་བྱས་ཡོད་ལ། ལེགས་སྐྱེས་ལ་བརྟེན་ནས་གཞོན་ནུའི་འགན་འཁྲི་ཡང་མངོན་པར་བྱས་ཡོད། ཁོང་གི་འབད་འཐབ་གཏམ་རྒྱུད་ནི་ལྷོ་ཁའི་ལས་རིགས་ཁག་གི་ངལ་རྩོལ་པས་འབད་འབུངས་ཡར་བརྩོན་དང་ཕུཊ་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱེད་པའི་བསྡུས་རིས་ཞིག་ལགས། ། བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།