སྒོར་གཞས་ཀྱིས་གནམ་ས་འགུལ། བདེ་སྐྱིད་ཀྱིས་ཡར་ཀླུང་མྱོས།

-- ལྷོ་ཁ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་འགོ་ཚུགས་པ།

山南报藏文  2026-05-08

དཔྱིད་ཀྱི་དཔལ་ཡོན་ཡར་མོ་ཀླུང་དུ་བཞད། བསམ་ཡས་གྲོང་དུ་སྒོར་གཞས་ཞབས་བྲོས་ཁེངས།“ལྔ་གཅིག”ངལ་རྩོལ་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཉེ་ལམ།“བདེ་སྐྱིད་ལྡན་པའི་ལྷོ་ཁ་གསར་པར་གཞས་དང་ཞབས་བྲོས་ཁེངས། ང་དྲུག་སེམས་པ་གཅིག་ལ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་2026ལོའི་སྐབས་གཉིས་པའི་དམངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེ་མོ་དེ་གྲ་ནང་རྫོང་བསམ་ཡས་ལྗོངས་རྒྱུ་ཁུལ་དུ་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་འཐུས་མི་རུ་ཁག་13གྱིས་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བརྒྱུད་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག འགོ་ཚུགས་སྒོར་གཞས《བཀྲ་ཤིས་པའི་ཡར་ཀླུང་》ཞེས་པས་འགྲན་ཕུད་བསུས། དེ་རྗེས་འཐུས་མི་རུ་ཁག་13གྱིས་རེས་མོས་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང་། འཐུས་མི་རུ་ཁག་ཁག་གིས་ཡུལ་ལུང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་གཟབ་གོས་བརྒྱན་ཐོག་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས། སྟངས་སྟབས་མཛེས་པའི་འཁྲབ་རྩལ་འོག་སྲོལ་རྒྱུན་གྱི་སྒོར་གཞས་ལས་འཕྲོས་པའི་མི་རིགས་ཀྱི་ཉམས་འགྱུར་དང་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མཐའ་དག་མངོན་པར་བྱས།

ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་འཐུས་མི་རུ་ཁག་གི་འཁྲབ་སྟོན་ལ་སྲོལ་རྒྱུན་གྱི་སྒོར་གཞས་སྟངས་སྟབས་དང་དེང་རབས་ཀྱི་རྩོམ་སྟངས་མཉམ་འདྲེས་བྱས་ཡོད་པ་དེས་མངོན་མིན་རིག་གནས་ཤུལ་བཞག་དེ་ཉིད་རྒྱུན་འཛིན་དང་གསར་གཏོད་ཁྲོད་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་གསར་པ་མངོན་པར་བྱས་ཡོད་ལ། ཕ་ཡུལ་ལ་བཅངས་པའི་དུང་སེམས་དང་། བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་བསྟོད་དབྱངས། རླབས་ཆེན་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་བཟང་པོ་བཅས་ཅིག་ཅར་མངོན་མཚོན་བྱས་ཡོད་པ་རེད།

གྲ་ནང་རྫོང་གི་འཐུས་མིའི་རུ་ཁག་གིས་འཁྲབ་སྟོན་བྱས་པའི་《ཞིང་ནང་གི་དགའ་གླུ》ཞེས་པའི་འཁྲབ་སྟོན་མཇུག་འགྲིལ་བ་དང་བསྟུན་ནས་འགྲན་ཞུགས་རུ་ཁག་ཚང་མས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཤིང་། ཆེད་ལས་ཞིབ་དཔྱད་ཚོགས་པས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་དང་ཕྱོགས་བསྡུས་དཔྱད་མོལ་བྱས་པ་བརྒྱུད་མཚོ་སྣ་གྲོང་ཁྱེར་འཐུས་མི་རུ་ཁག་གི《མོན་པའི་གླུ་དབྱངས་ལས་ཡར་ཀླུང་གཙང་པོར་བྲག་ཆ་འཁོར》ཞེས་པར་འགྲན་བསྡུར་ཆེ་མོའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།

གོང་དཀར་སྲིན་པོ་རི་འཐུས་མི་རུ་ཁག་གི་རུ་མི་སྐར་མ་དོན་གྲུབ་ཀྱིས“ད་ཐེངས་ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པར་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ལ་སེམས་འགུལ་ཡང་ཐེབས་བྱུང་། ལྷོ་ཁ་གྲོང་ཁྱེར་གྱིས་ང་ཚོར་གར་སྟེགས་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བརྗོད།

འཕྱོངས་རྒྱས་རྫོང་འཐུས་མི་རུ་ཁག་གི་རུ་མི་བཀྲ་ཤིས་དཔལ་སྒྲོན་གྱིས“གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁག་གི་རིག་རྩལ་རུ་ཁག་དང་མཉམ་དུ་སྤེལ་རེས་ངང་ཞབས་བྲོ་འཁྲབ་རྒྱུ་བྱུང་བས་ངའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། སྒོར་གཞས་ནི་ང་ཚོས་ཆུང་དུས་ནས་འཁྲབ་ཤེས་པའི་ཞབས་བྲོ་ཞིག་ཡིན་པས་སྤྲོ་སྣང་དེ་ཚང་མར་བརྒྱུད་སྤྲོད་བྱས་ཏེ་ང་ཚོ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་བྱེད་ཀྱི་ཡོད་པས་ངས་བལྟས་ན་དོན་སྙིང་ཧ་ཅང་ཆེན་པོ་འདུག”ཅེས་བརྗོད།

དེ་ཉིན། འགྲན་རའི་མཐའ་འཁོར་དུ་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་འགྲེམས་ཚོང་ཆེད་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་། སྤོས་དང་། ཤིང་བརྐོས། བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་ཟོག་སོགས་ཧ་ཅང་མང་པོ་ཡོད་པས་ས་གནས་ས་ཐོག་གི་ལྟད་མོ་བ་དང་ཡུལ་སྐོར་བས་ངོ་མཚར་ཆེ་བའི་ཞབས་བྲོ་མྱོང་རོལ་བྱེད་པ་དང་ཆབས་ཅིག་ཐག་ཉེ་ཤོས་ནས་ལྷོ་ཁའི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།

ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་བསྟན་འཛིན་ཀུན་བཟང་གིས། ད་ཐེངས་ཀྱི་དམངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེ་མོ་དེ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དམངས་ཡོངས་ཀྱིས་ལུས་སྦྱོང་ནང་ཧུར་ཐག་ཞུགས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷོ་ཁའི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མི་སེར་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་མངོན་པ་བྱ་རྒྱུ་དེ་རེད་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་1ཉིན་འགྲན་ཞུགས་རུ་ཁག་ཚོས་ཡར་ཀླུང་ཟློས་གར་ཁང་གི་ཐང་ཆེན་དུ་གཅིག་སྡུད་ཐོག་འགྲེམས་འཁྲབ་བྱ་རྒྱུ་ཡིན་པ་དང་། ཡར་ཀླུང་མི་རིགས་སྒྱུ་རྩལ་ཚོགས་པས《འདི་གར་ལྷོ་ཁ་ཡིན》ཞེས་པའི་ལེ་ཚན་འཁྲབ་སྟོན་བྱས་ནས་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོར་མཇུག་སྡོམ་གྲ་རྒྱས་པོ་ཞིག་རྒྱག་རྒྱུ་རེད།།

བསོད་ནམས་བསྟན་པས་བསྒྱུར། བདེ་དཔལ་གྱིས་ཞུས།