ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

林芝报-藏文版  2026-07-03

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཟླ་7ཚེས་1ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་བསྩལ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་ངོ་105ཡི་རིང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་ཡོང་རེ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ཡོང་རེ་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཡོད་པ་དང་། འབད་འཐབ་ལྷོད་མེད་ཁྲོད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། རྒྱང་ལམ་གསར་པའི་ཐོག ཏང་ཡོངས་ཀྱི་བློ་མཐུན་ཚོས་དད་སེམས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཟམ་མི་ཆད་པར་འཇོག་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་9ཙམ་ལ། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་མཉམ་དུ་བཞུགས་པའི་མགྲོན་བསུའི་རླངས་འཁོར་བཞུགས་གནས་ནས་ཐོན་པ་དང་། གུས་ལུགས་སྦག་སྦག་འཁོར་ལོའི་རུ་ཁག་གིས་སྲུང་སྐྱེལ་འོག་མི་དམངས་ཚོགས་ཁང་ཆེན་མོའི་ཕྱོགས་སུ་བསྐྱོད་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་ལུགས་དམག་ལམ་གྱི་གཞོགས་གཉིས་སུ་རུ་སྒྲིག་ནས་ཡོད་པ་དང་། གཞོན་ནུ་ལོ་ཆུང་གིས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་ཡོད། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱིས་ས་གདན་དམར་པོ་བརྒྱུད་དེ་རྡོ་སྐས་རེ་རེ་བཞིན་འཛེགས་གནང་ནས་མི་དམངས་ཚོགས་ཁང་ཆེན་མོར་འཛུལ་གནང་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཀྱིས་འདི་གར་མཉམ་སྡེབ་ཐོག་ཁོང་ཚོར་བསུ་བ་ཞུས་ཡོད།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གཟབ་རྒྱས་ཀྱི་རྣམ་པས་ཡོངས་སུ་ཕྱུག ཀྲུའུ་ཞི་སྟེགས་བུའི་སྟེང་ཕྱོགས་སུ“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་ཚོགས་ཆེན་གྱི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཕྱོགས་ཀྱི་ཡོལ་བའི་དཀྱིལ་དབུས་ནི་བཀྲག་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ཡིན་པ་དང་། ཏང་རྟགས་ཀྱི་འོག་ཏུ“1921-2026”ཞེས་པའི་ཨང་རིས་ཡིན་པ། དར་དམར་10གཞོགས་གཉིས་སུ་སྒྲིག་ཡོད། ཐོག་བརྩེགས་གཉིས་པའི་གཟིགས་སྟེགས་སུ་སྦྱར་ཡིག“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་འཛུགས་སྐྱོང་གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པ་བཀལ་ཡོད།

ཆུ་ཚོད་10ཏག་ཏག་ལ་ལི་ཆང་གིས་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས། སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།

ཚའེ་ཆི་ཡིས《“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱང་གནང་ཡོད། 《གཏན་འབེབས》ནང་། ཡུན་རིང་གཞི་རིམ་དུ་རྩ་བ་ཚུགས་པ་དང་། ཏང་གི་ཆེད་དུ་ལས་དོན་སྒྲུབ་པ། མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ། ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་བཅས་ཀྱི་བྱས་རྗེས་དཔེ་བཟང་ཏང་ཡོན་ལ་གཟེངས་བསྟོད་གཟབ་རྒྱས་བྱེད་པ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དཀའ་སྤྱད་འབད་འབུངས་བྱེད་པ། ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད། ཏང་ཀྲུང་དབྱང་གིས་བློ་མཐུན་མ་ཧྲན་ཞང་དང་། ཝང་ཡུས་ཁྲང་། ལི་ལན་ཁྲེང་། ཝུའུ་ཧ་སི་·སུའུ་ལའེ་མན། ཝུའུ་ཡ་ཆིན། ཁྲེན་ཅུན་ཝུའུ། ཀྲའོ་ཡ་ཧྥུ། ཀྲུང་ཅུའེ་བཅས་ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་ཐག་བཅད་ཡོད། དར་ཆ་འཁྱེར་མཁན་གཉིས་ཀྱིས་ཏང་དར་མཐོན་པོར་སྒྲེང་བ་དང་། གུས་ལུགས་དམག་མི་གཅིག་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”བཟུང་སྟེ། གོམ་སྟབས་བརྟན་པོའི་ངང་མཛད་སྒོ་འཚོགས་སར་བསྐྱོད་ཡོད།

བརྗིད་ཉམས་ལྡན་པའི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་དབྱངས་རྟའི་ཁྲོད། ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་རྣམས་ལ་བྱས་རྗེས་གཟེངས་རྟགས་རེ་རེ་བཞིན་བསྩལ་གནང་བ་མ་ཟད། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཁོང་ཚོར་བཀྲ་ཤིས་རྟེན་འབྲེལ་ཞུས་གནང་ཡོད། དེ་རྗེས། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གདན་ཞུས་ལྟར་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

ཚའེ་ཆི་ཡིས《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་མི་སྣ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱང་གནང་ཡོད།

ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་བྱ་དགའ་སྤྲད་གནང་ཡོད།

ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དང་། རང་རེའི་ཏང་གིས་བསྐྱོད་ཟིན་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་ཆེན་པོའི་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་བརྗིད་ཆེའི་དམིགས་འབེན་གྱི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་སློང་བྱས་ཡོད་ཅེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་མི་སྣ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་105ཡི་གོང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གོ་རྟོགས་སད་པའི་ཁྲོད་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲོད་ཀྲུང་གོའི་གུང་ཁྲན་ཏང་སྐུ་བལྟམས་ཡོད། དུས་དེ་ནས་བཟུང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཆེས་བློས་འགེལ་ཆོག་པའི་སྲོག་ཤིང་ཡོད་པར་གྱུར་བ་དང་། ནང་རྩོད་ཕྱི་འཁྲུག་དང་དབུལ་ཕོངས་ཉམས་ཞན་ཁྲོད་ལུས་པའི་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་105ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ལོ་ངོ་105རིང་འབད་འཐབ་ལྷོད་མེད་བྱས་པ་དེས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་བགྲོད་ལམ་ཡང་དག་བཏོད་པ། མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ། སྟོབས་ཤུགས་ཆེ་བའི་ཀྲུང་གོའི་གུང་ཁྲན་ཏང་བསྐྲུན་ཡོད། རང་རེའི་ཏང་ནི་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཏང་ཞིག་ཡིན་པར་རྦད་དེ་ངོ་གནོང་མི་དགོས་པ་ཞིག་རེད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ལོ་ངོ་105ཡི་རིང་གི་འབད་འཐབ་ཁྲོད་འོད་སྟོང་འཕྲོ་བའི་གཟི་བརྗིད་བཏོད་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཅིའི་ཕྱིར་ཀྲུང་གོ་གུང་ཁྲན་ཏང་བདམས་དོན་དེ་ནི་མཐར་གཏུགས་ནས་བརྗོད་ན་རང་རེའི་ཏང་ལ་སྲིད་ཏང་དང་ཆབ་སྲིད་སྟོབས་ཤུགས་གཞན་གྱིས་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་ཁྱད་གཤིས་ལྡན་པས་རེད། རང་རེའི་ཏང་གིས་ནམ་ཡང་འགྱུར་བར་མེད་པར་བདེན་དོན་བརྩོན་ལེན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་མཐའ་གཅིག་ཏུ་གནད་ལ་འཁེལ་བར་འཛིན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་པ་དང་། ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པ། གོང་འཕེལ་གྱི་རླབས་རྒྱུན་དང་བསྟུན་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཐོབ་ངེས་ཡིན་པའི་སེམས་ཤུགས་རྒྱུན་འཁྱོངས་བྱེད་པ། རང་ངོས་སྟོབས་ཆེར་གཏོང་བར་མཐོང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཕུལ་བྱུང་ཁྱད་གཤིས་ཟམ་མི་ཆད་པར་དར་སྤེལ་བཏང་ནས། ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་དང་། གོང་བུར་འགྲིལ་ཤུགས་ཆེན་པོ། འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་ལྡན་པར་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལས་འགན་དང་འགན་འཁྲི་མངོན་འགྱུར་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་སེམས་ཤུགས་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད། སེམས་ཤུགས་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བགྲོད་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་བ་དང་། སྔ་འཛིན་ཕྱི་གཏོད་དང་དྲང་སྲུང་གསར་གཏོད་བཅས་བྱས་ཏེ། སྤྲིན་ནག་གིས་མཐོང་རྒྱ་བཀག་པར་མི་སྐྲག་པ་དང་། རླུང་བརྟེན་རླབས་གཤག་གིས་ལམ་ནོར་མི་ཡོང་བར་བྱེད་དགོས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་བ། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས། ངེས་པར་དུ་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། མ་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་། གོང་འཕེལ།མཉམ་ལས།མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་མཐར་ཕྱིན་པ་བརྒྱབ་སྟེ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་སྟོབས་ཆེར་གཏོང་དགོས་པ་དང་། དམག་དཔུང་སྟོབས་ཆེར་གྱུར་ན། གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་ཀྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་བ་དང་། མི་དམངས་དམག་དཔུང་དེ་ཉིད་གང་མགྱོགས་འཛམ་གླིང་གི་དམག་དཔུང་རྩེ་གྲར་བསྐྲུན་ཚར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཤང་ཀང་དང་ཨའོ་མོན་དེ་ཉིད་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་པ་དང་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་རང་རེའི་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་བ་དང་མཐུན་སྒྲིལ་བྱེད་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བ། “ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་བཅས་བྱས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གཞོན་ནུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་གསོན་ཤུགས་དམག་ཡིན། ཏང་ཡོངས་ཀྱིས་གཞོན་ནུར་མཐོང་ཆེན་དང་། གཞོན་ནུར་སེམས་ཁུར། གཞོན་ནུར་རྒྱབ་སྐྱོར་བཅས་བྱས་ནས་གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་ལ་འགྱུར་ཆེད་ཆ་རྐྱེན་བསྐྲུན་དགོས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ། ཕུགས་བསམ་ཆེན་པོ་འཛུགས་པ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་བ་བཅས་བྱས་ཏེ། རྒྱང་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་མཐུད་རྒྱུག་ཡག་པོ་རྒྱུག་པ་དང་། ལང་ཚོར་བརྟེན་ནས་ལམ་བུ་འདིང་བ་དང་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་105ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ནི་མི་རྣམས་སྤོབས་སེམས་སྐྱེ་འོས་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ང་རྒྱལ་ཁེངས་དྲེགས་དང་མདུན་སྐྱོད་བྱེད་མཚམས་འཇོག་པ་གཏན་ནས་བྱ་མི་རུང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་ཡོང་བ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ཞིང་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱང་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་གཟི་བརྗིད་གསར་པ་གཏོད་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་ངོ་105རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་གསར་དུ་བཏོད་པའི་རླབས་ཆེ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་རླབས་ཆེན་མཛད་རྗེས་ཟམ་མི་ཆད་པར་གཏོད་ཐུབ་པའི་ཕུལ་བྱུང་ཁྱད་གཤིས་གསལ་སྟོན་ཟབ་མོ་གནང་བ། རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་སེམས་ཤུགས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱེད་པར་བླང་བྱ་ཁ་གསལ་བཏོན་པ། ཏང་ཡོངས་ལ་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་བྱས་རྗེས་གསར་པ་འཇོག་དགོས་པའི་བརྗིད་ཆེའི་འབོད་སྐུལ་བཅས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་དགོངས་དོན་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་སྔར་བས་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གསུང་བཤད་ཀྱི་དགོངས་དོན་དེ་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་བསྟན་གནང་ཡོད།

ཚོགས་ཆེན་ཐོག “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་འཐུས་མི། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཁྲང་ཧྲན་ཧྭ་ཡོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་དང་པོ་ཝུའུ་ཡ་ཆིན་གྱིས་གཏམ་བཤད་གནང་ཡོད།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཁྲོད་མཇུག་འགྲིལ་ཡོད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས་ཡོད།

ཀྲུང་དབྱང་གི་ཏང་སྲིད་དམག་དམངས་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་གཉེན་ཉེའི་འཐུས་མི་དང་ཁོང་ཚོ་ཕྱག་ལས་གནང་སའི་སྡེ་ཚན་གྱི་འཐུས་མི། དེ་སྔ་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཐོབ་མྱོང་མཁན་གྱི་འཐུས་མི། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་མི་སྣ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་ཕྱག་ལས་གནང་མཁན་ཕྱི་རྒྱལ་རིགས་གཅིག་མཁས་ཅན་གྱི་འཐུས་མི། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།