ཕྲུ་གུའི་བཟའ་བཅའི་སྐོར་ལ་གཏན་འབེབས་ནན་པོ་ཞིག་བཟོས་འདུག

林芝报-藏文版  2026-06-09

རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སློབ་གསོ་པུའུ་དང་མཉམ་དུ་བཟོས་པའི《བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་འདོམས་གཏན་འབེབས》ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། དེའི་ནང་བུ་བཅོལ་ཁང་གིས་སྒོ་ངའི་བག་ལེབ་དང་། ཧན་བྷའོ་བག་ལེབ། སན་མིང་ཀྲི་བག་ལེབ་སོགས་ཀྱི་བཟའ་བཅའ་ཕྱི་ནས་ཉོ་མི་ཆོག་ལ། བཟའ་སྣུམ་དང་ཚྭ་སིལ་མ་ཉོ་བ་དང་། ཉར་ཚགས། བེད་སྤྱོད་བཅས་བྱེད་མི་ཆོག དེ་དང་ཆབས་ཅིག བཟའ་བཅའ་ལས་སྣོན་སྡེབ་སྐྱེལ་དང་། ལས་ཀ་བྱེད་མཁན་ལ་དོ་དམ། ལྟ་སྐུལ་ཁྲིམས་སྒྱུར་སོགས་ལའང་བླང་བྱ་ནན་པོ་བཏོན་ཡོད་པ་རེད།

བཟའ་བཅའ་མཁོ་འདོན་གྱི་འོས་ཐོབ་ཐད།

རྩ་དོན་ཐོག་བུ་བཅོལ་ཁང་སོ་སོས་ཟ་ཁང་གཉེར་སྐྱོང་བྱེད་དགོས། གལ་ཏེ་ཟ་ཁང་འགན་གཙང་དངོས་འབྲེལ་སྤྲོད་དགོས་པའམ་ཡང་ན་བཟའ་བཅའ་ཕྱི་ནས་ཉོ་དགོས་ཚེ། བཟའ་བཅའ་མཁོ་འདོན་དང་སྐྱེལ་བའི་བར་ཐག་སོགས་ལ་དཔྱད་དཔོག་ནན་པོ་བྱས་ནས། “དྲ་སྦྲེལ་+ཐབ་ཚང་ཕྱི་གསལ་ནང་གསལ”གྱི་ཚན་པ་སྔོན་ལ་འདེམས་དགོས་པ་ལས་ཚད་མ་ལོན་པ་འདེམས་མི་ཆོག

ལས་ཀ་བྱེད་མཁན་གྱི་དོ་དམ་ཐད།

སློབ་དུས་རེར་ཉུང་མཐར་ཡང་ལས་རིགས་ཀུན་སྤྱོད་དང་ཆེད་ལས་ནུས་པའི་གསོ་སྦྱོང་ཐེངས་རེ་བྱེད་དགོས། བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་། བདེ་འཇགས་པ། དེ་བཞིན་ལས་ཀ་བྱེད་མཁན་བཅས་ལ་ལོ་ལྟར་གསོ་སྦྱོང་ཆུ་ཚོད་40ལས་མང་བ་བྱེད་དགོས། དཔྱད་ཞིབ་བྱས་རྗེས་ཚད་མ་ལོན་པར་འཕྲལ་མར་དག་ཐེར་བྱས་ནས། སླར་ཡང་དཔྱད་ཞིབ་བྱས་ཏེ་ཚད་གཞི་ལོན་ཚེ་གཞི་ནས་ལས་ཀ་བྱེད་ཆོག

བཟའ་བཅའ་ལས་སྣོན་སྡེབ་སྐྱེལ་ཐད།

བཟའ་བཅའ་གཡོས་སྦྱོར་ཟིན་ནས་ཟ་བའི་བར་ལ་ཆུ་ཚོད་2ལས་བརྒལ་མི་རུང་བ་དང་། བཟའ་བཅའ་སྡེབ་ལ་སྐྱེལ་སྐབས་ངེས་པར་དུ་ཁ་དམ་པའི་དྲོད་སྲུང་ཆེད་སྤྱོད་སྤྱོད་དགོས། དེ་དང་ཆབས་ཅིག ཁ་ལག་སྤྲོད་མཁན་ཚོར་ལག་པ་འཁྲུད་པ་དང་། དུག་སེལ་བྱེད་པ། ཁ་རས་རྒྱག་པ་སོགས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད།

ལྟོ་སྣོད་གཙང་འཁྲུད་དུག་སེལ་ཐད།

ངེས་པར་དུ་དུག་སེལ་ཁང་ལོགས་སུ་འཛུགས་དགོས། རྩ་དོན་ཐོག་དུག་སེལ་སྒམ་གྱིས་དུག་སེལ་བྱེད་དགོས་པ་ལས་ཕྱི་ནས་གཅིག་སྡུད་དུག་སེལ་བྱས་པའི་བསྐྱར་སྤྱོད་ལྟོ་སྣོད་སྤྱོད་མི་ཆོག

ལྟ་འདོམས་ཁྲིམས་སྒྱུར་ཐད།

ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སློབ་དུས་རེར་ཉུང་མཐར་ཡང་ཞིབ་བཤེར་ཐེངས་2བྱས་ནས། ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ལ་ཆད་པ་ནན་པོ་བཅད་དེ། འགན་འཁྲི་མི་ཐོག་ཏུ་བབ་པ་དང་ལས་གཉེར་གཏན་འགོག་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་དགོས།