རྫ་ཡུལ་རྫོང་གིས་2026ལོའི་དུས་ཚིགས་གཉིས་པའི་ཕ་མ་བུ་ཕྲུག་གི་གསར་བརྗེའི་ཞིབ་སྦྱོང་བྱེད་སྒོ་སྤེལ་བ།

林芝报-藏文版  2026-05-22

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྫ་ཡུལ་རྫོང་མང་ཚོགས་ཚོགས་པའི་ལས་དོན་ཨུ་ལྷན་གྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག་2026ལོའི་དུས་ཚིགས་གཉིས་པའི་ཕ་མ་བུ་ཕྲུག་གི་གསར་བརྗེའི་ཞིབ་སྦྱོང་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོས་གསར་བརྗེའི་སློབ་གསོ་དང་། རྒྱལ་སྲུང་སློབ་གསོ། ངལ་རྩོལ་ལག་ལེན། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་དམིགས་ཏེ་ཡུལ་དངོས་ལ་ལྟ་སྐོར་དང་མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་ཕ་མ་དང་བུ་ཕྲུག་ཚོར་གསར་བརྗེའི་སྙིང་སྟོབས་ལ་མྱོང་རོལ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་གསར་བརྗེའི་སྔོན་བྱོན་པའི་མཐའ་སྲུང་རྒྱལ་སྲུང་དང་དཀའ་སྤྱད་འབད་འཐབ་ཀྱི་བྱས་རྗེས་ཉན་པ་དང་། གསར་བརྗེའི་དྲན་ཤེས་བསྐྱར་དྲན་བྱས་པ། ཕྲུ་གུ་ཚོས་རང་ཉིད་སྲུང་སྐྱོང་གི་རྩལ་ནུས་ལ་སློབ་སྦྱོང་བྱས་ནས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ཞིབ་སྦྱོང་གིས་ད་དུང་ས་སྐྱོང་གྲོང་ཚོའི་ཇ་ཞིང་ར་བར་བསྐྱོད་དེ་ལྗང་བུ་འཛུགས་པ་དང་ཇ་ལོ་འཐུ་བ་སོགས་ཀྱི་ཞིང་ལས་བྱེད་སྒོར་ཉམས་ལེན་བྱས་པ་མ་ཟད། གྲོང་གསེབ་འཕེལ་རྒྱས་དང་། སོ་ནམ་རིག་གནསསོགས་ལ་མྱོང་རོལ་བྱས་ཡོད།

ད་ཐེངས་ཀྱི་ཞིབ་སྦྱོང་དེས་ཕྲུ་གུ་ཚོར་ངལ་རྩོལ་གྱི་སྤྲོ་སྣང་ལ་མྱོང་རོལ་དང་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དུ་བཅུག་པ་མ་ཟད། ཁྱིམ་བདག་ཚོས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་དང་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་རམ་འདེགས་བྱས་ཡོད།

རྫ་ཡུལ་རྫོང་ཆ་ཚང་སློབ་ཆུང་གི་སློབ་མ་བདེ་སྐྱིད་མེ་ཏོག་གིས། ད་ཐེངས་ཀྱི་གསར་བརྗེའི་ཞིབ་སྦྱོང་བྱེད་སྒོར་དོན་སྙིང་ཆེན་པོ་ལྡན་འདུག ང་ཚོས་མཐའ་མཚམས་སྟོབས་ལྡན་དམག་སྒར་ལ་ལྟ་སྐོར་བྱས་པ་མ་ཟད། ལྗང་བུ་འཛུགས་པ་དང་ཇ་ལོ་འཐུས་ནས་ཨ་ཁུ་ཞིང་པའི་ངལ་རྩོལ་ལ་མྱོང་ཚོར་ཟབ་མོ་བྱུང་། ད་ཐེངས་ཀྱི་ཞིབ་སྦྱོང་ནང་ངས་འབྲུ་རིཊ་ལ་གཅེས་སྤྲས་དང་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་པ་ཤེས་བྱུང་ཞེས་བརྗོད་ཡོད།

གུང་གཞོན་སྡེ་ཚོགས་རྫ་ཡུལ་རྫོང་ཨུད་ཀྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞུའུ་དབྱིན་གྱིས། ད་ཐེངས་ཀྱི་ཞིབ་སྦྱོང་བྱེད་སྒོའི་ནང་རྫ་ཡུལ་གྱི་གསར་བརྗེའི་ནང་དོན་དང་། མཐའ་མཚམས་རྒྱལ་སྲུང་། སྣོད་བཅུད་ཐོན་ཁུངས་བཅས་ལ་བརྟེན་ནས་ས་གནས་ས་ཐོག་ཏུ་ཉམས་ལེན་བྱ་རྒྱུ་གཙོ་བོར་བྱས་ཏེ་ཕྲུ་གུ་ཚོ་སློབ་ཁང་ལས་ཐོན་ཏེ་རང་བྱུང་ཁམས་དང་ཉེ་བཅར་བྱེད་པའི་ཁྲོད་མཐའ་མཚམས་སྲུང་སྐྱོང་གི་སྙིང་སྟོབས་ལ་མྱོང་རོལ་དང་ས་གནས་ཀྱི་དམངས་སྲོལ་དང་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་ལ་ཤེས་རྟོགས་ཐུབ་ཡོད་ལ། ཕ་མ་དང་བུ་ཕྲུག་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་མ་ཟད།ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་དང་ངོས་འཛིན་གཅིག་མཐུན་གྱི་བསམ་པའང་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་ཡོད།