དཔྱིད་དཔལ་བཞད་པའི་ནམ་དུས་འཆར། རེ་བའི་ཕྱོགས་སུ་རྡོག་ཐོན་བྱེད།

林芝报-藏文版  2026-03-17

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོར། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མི་དང་མཉམ་དུ་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད།

ཆུ་ཚོད་15ཡི་ཐོག་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས།

བརྡས་ཐག་གཅོད་རྒྱུར་ཕུལ་བའི་གྲོས་ཆོད་ཀྱི་འཆར་ཟིན་དང་གཏན་འབེབས་ཀྱི་འཆར་ཟིན་རེ་རེ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དེས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད།

ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་རེ་འདོད་དག་འདི་ནས་རྒྱལ་ཁབ་ཀྱི་འདོད་བློར་གཅིག་ཏུ་བསྒྲིལ་བ་དང་། འདི་ནས་བློ་གྲོས་ཀྱི་འོད་སྣང་འཕྲོ་བཞིན་ཡོད།

“འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། དམ་པ་དོན་གཉེར། སྟོབས་ཤུགས་གཅིག་སྒྲིལ། འཕེལ་རྒྱས་ལ་ཁྲིད་སྟོན་བཅས་བྱེད་པའི་ཚོགས་ཆེན་ཞིག་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་གསུངས་པ་དང་། ཁོང་གིས། ང་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཉིང་ཁྲིའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས། ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་དང་དཔལ་འབྱོར་གྱི་འཕར་སྣེ་གསར་པ་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ཞན་ཆ་སེལ་བ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པ་འདོན་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

“ཚོགས་འདུའི་ཐོག་འདི་ལོ་དང‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་ལས་དོན་བཀོད་སྒྲིག་གནང་བས། ང་ལ་གདེང་སྤོབས་དང་། ཡིད་ཆེས། ངར་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེས་གསུངས་པ་དང་། ཁོང་གིས། གཞི་རིམ་གྱི་འཐབ་ས་དང་པོའི་འཐུས་མི་ངས“མི་དམངས་ཀྱིས་ང་འཐུས་མིར་བདམས་པས་ངས་འཐུས་མི་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་གྱིས་རང་འཁྲིའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་མ་ཟད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས། ཡུལ་མི་ཚོ་དང་མཉམ་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།