རྨི་ལམ་རྨིས་ན་ངལ་གསོ་ཡག་པོ་
མ་བྱུང་བ་མཚོན་ནམ།

林芝报-藏文版  2026-03-17

ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས། རྨི་ལམ་བཏང་བ་ནི་རྒྱུན་ལྡན་གྱི་སྐྱེ་ཁམས་སྣང་ཚུལ་ཞིག་ཡིན། ཧ་ལམ་མི་ཚང་མ་གཉིད་ཁུག་པའི་བརྒྱུད་རིམ་ནང་རྨི་ལམ་གཏོང་སྲིད་པ་མ་ཟད། དགོང་རེར་རྨི་ལམ་བཞི་ནས་དྲུག་བར་གཏོང་སྲིད། མི་ཁ་ཤས་གཉིད་སད་དུས་ཏག་ཏག་རྨི་ལམ་གཏོང་སླ་བའི་དུས་རིམ་དུ་གནས་པས་རྨི་ལམ་སེམས་ལ་བཞག་སླ། ཞིབ་འཇུག་ལས་མངོན་པ་ལྟར་ན། རྨི་ལམ་བཏང་ན་ཚད་ངེས་ཅན་གྱི་སེམས་ཁམས་སྙོམས་སྒྲིག་དང་། བློ་ཁ་གཏན་འཇགས་སུ་གཏོང་བ། ལུས་ཕུང་སླར་གསོ་སོགས་ལ་སྐུལ་འདེད་གཏོང་ཐུབ་མ་ཟད། ད་དུང་ཀླད་པའི་ནུས་པ་སླར་གསོ་ཐུབ་རྒྱུ་དང་ལེགས་སུ་གཏོང་བ། བློ་འཛིན་གྱི་ནུས་པ་ཇེ་མཐོར་གཏོང་བ་བཅས་ལ་ཕན་པ་ཡོད།

གལ་ཏེ་སྐབས་འགར་རྨི་ལམ་མང་པོ་བཏང་ནའང་ཉིན་མོ་ཉབ་བེ་ཉོབ་བེ་མིན་པར་རིག་པ་དྭངས་གསལ་ཡིན་ཚེ་རྒྱུན་དུ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཡིན་ནའང་། གལ་སྲིད་གཉིད་ཉལ་བའི་སྐབས་སུ་རྨི་ལམ་ཡང་ཡང་བཏང་བ་དང་རྨི་ལམ་འཚུབ་པོ་བཏང་བ། གཉིད་ཡང་ཡང་སད་པ། དེ་མིན་གཉིད་ཁུག་ཁག་པ་སོགས་གཉིད་ཉལ་བར་འགོག་རྐྱེན་བྱུང་ན་དོ་སྣང་བྱ་དགོས་པ་དང་། དུས་ཐོག་ཏུ་ཆེད་ལས་སྨན་པར་བློ་འདྲི་བྱེད་པར་འགྲོ་དགོས།

གཉིད་གང་འདྲ་ཁུག་ན་སྤུས་ལེགས་ཀྱི་གཉིད་ཁུག་པར་བརྩིས་ཆོག་གམ།

རྒྱུན་གཏན་གཉིད་ཡག་པོ་ཁུག་ཡོད་མེད་བརྡར་ཤ་གཅོད་པར་ཚད་གཞི་བཞི་ཡོད་དེ།

1.མར་ཉལ་བ་ནས་གཉིད་ཤོར་བའི་བར་གྱི་དུས་ཚོད་ཆུ་ཚོད་ཕྱེད་ཀ་ལས་མི་བརྒལ་བ།

2.མཚན་གུང་གཉིད་སད་པའི་ཐེངས་གྲངས་ཐེངས་གཉིས་ལས་མི་བརྒལ་བ་མ་ཟད། གཉིད་སད་རྗེས་སྐར་མ་༢༠ཡི་ནང་དུ་སླར་ཡང་གཉིད་ཁུག་ཐུབ་པ།

3.གཉིད་སྔ་མོ་ནས་མི་སད་པ། འདིར་གཉིད་སྔ་མོ་ནས་སད་ཟེར་བ་ནི་དུས་རྒྱུན་མལ་ལས་ལངས་པའི་དུས་ཚོད་དེ་ལས་ཆུ་ཚོད་ཕྱེད་ཀ་ཡན་སྔ་བ་ལ་ཟེར།

4.གཉིད་སད་རྗེས་ལྷོད་ཤིག་ཤིག་ཚོར་བ་སྟེ། ཚང་མས་རྒྱུན་དུ་བཤད་པའི་དྲག་སྐྱེད་བྱུང་ནས་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པར་ཟེར།

གོང་གི་ཚད་གཞི་བཞི་པོ་དེ་དག་ཚང་ཡོད་ན་ནད་ཐོག་མངོན་རྟགས་ལ་གཉིད་ཡག་པོ་ཁུག་པར་ངོས་འཛིན་བྱེད་ཀྱི་ཡོད།