ཉིང་ཁྲི་གྲོང་ཁྱེར་གྱིས་2026ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
林芝报-藏文版  2026-03-17
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།
ཟླ་3ཚེས་15ཉིན་གྱི་སྔ་དྲོ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས“འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ”དེ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ཏེ་ཞ་མོན་ཐང་ཆེན་དུ3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཐེངས་44གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས“3·15ལ་ཉེ་བཅར་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་བྱ་སྤྱོད་སྤེལ་ཞེས་པའི་ལས་དོན་རབ་དང་རིམ་པར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
ཧྲེ་ཀྲང་གཞོན་པ་ལིའུ་ཁྲུན་ཞང་བྱེད་སྒོར་ཞུགས་པ་དང་འབྲེལ“འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ”ལྟེ་བའི་བླང་བྱར་དམ་པོར་དམིགས་པ་དང་། འཛད་སྤྱོད་ཁྲོམ་རའི་སྤུས་ཚད་ཅན་དང་རང་གཤིས་ཅན་རིམ་སྤོར་གྱི་འཕེལ་ཕྱོགས་ལ་དམིགས་ནས་བདེ་འཇགས་དང་། གཞུང་དྲང་། སྐྱིད་སྣང་དོད་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་གཏོད་དེ་འཛད་སྤྱོད་སྤུས་ཚད་རིམ་སྤོར་ལ་བརྟེན་ནས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བྱེད་སྒོའི་རིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་2025ལོའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་བརྡ་ཁྱབ་བཏང་བ་དང་ད་ཐེངས་ཀྱི་བྱེད་སྒོའི་ལག་བསྟར་ཇུས་གཞི་སྒྲོག་སྦྱངས་བྱས་པ་རེད། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་ཁེ་ལས་ཀྱི་འཐུས་མིས་སྣེ་ཁྲིད་དེ་དམ་བཅའ་བཞག་པ་དང་། དེ་གར་ཡོད་པའི་གཉེར་སྐྱོང་བྱེད་པོའི་མཉམ་སྡེབ་ཀྱིས་ཁ་དན་ཚིག་གནས་ཀྱི་མིང་རྟགས་འགོད་སའི་གྱང་ངོས་སུ་མིང་རྟགས་བཀོད་དེ་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་ཏེ། འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད་ཁྲོམ་རའི་རྨང་གཞི་བརྟན་དུ་བཏང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས“འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་བློ་འདྲིའི་ཞབས་ཞུའི་སྟེགས་བུ་དང་ཏང་ཡོན་གྱི་གདོང་ལེན་ལས་གནས་བཙུགས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་། བཅའ་ཁྲིམས་བློ་འདྲི། ཞུ་གཏུག་བདག་སྤྲོད་སོགས་དམངས་ཕན་ཞབས་ཞུ་ སྒྲུབ་ནས་ཁེ་དབང་སྲུང་སྐྱོང་གི“མཐའ་མའི་འགག་གནད”སེལ་བ་རེད། དུས་གཅིག་ཏུ“དངོས་ཟོག་ལ་བརྟག་དཔྱད་ཞིབ་བཤེར་བྱས་ནས་དམངས་འཚོར་ཕན་འདོགས་པའི”བྱེད་སྒོ་སྤེལ་ཏེ་དྲ་ཐོག་དང་དྲ་འོག་ཏུ་འཐེན་བཤེར་གྱི་དགོས་མཁོ་བསྡུ་རུབ་བྱས་པ་དང་། ས་གནས་ས་ཐོག་ཏུ་བཟའ་བཅའི་མྱུར་བཤེར་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་ནས་མཛད་སྤྱོད་བདེ་འཇགས་ཡོང་བར་གནད་སྨིན་ལྟ་སྐུལ་དོ་དམ་དང་སྲུང་སྐྱོང་བྱས་པ་རེད། སྡེ་ཚན་ཁག་གིས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་ཀྱིས་ཚོང་ཟོག་བདེན་རྫུན་བསྡུར་བ་དང་། ཐོན་རྫས་འགྲེམས་སྟོན་ནང་ཞུགས་པ། བྱ་དགའ་ཡོད་པའི་དྲི་བ་ལན་འདེབས་པ་བཅས་ཀྱི་རྣམ་པ་བརྒྱུད་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་ནུས་ལྡན་བཏང་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི“3·15བཅར་བ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱ་སྤྱོད་སྤེལ”ཞེས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པས་གཉེར་སྐྱོང་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་བ་དང་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་ཡོད། གོམ་སྟབས་རྗེས་མར་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་དམིགས་ནས“གྲོང་ཁྱེར་ལྟ་སྐུལ་གདོང་ལེན་པས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཛད་སྤྱོད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།
ཡིག་སྒྱུར། སྐལ་བཟང་གཡུ་སྒྲོན།