སྣང་བ་སྒྱུ་མའི་ཕོ་བྲང་།

དབྱིངས་ཀུན་གཞི། གཡུ་མཁར།

林芝报-藏文版  2026-02-20

འཇིག་རྟེན་གྲུ་ཁ་འཚོལ་བའི་ཆ་འགྲིག་བྱུང་ན།།

བརྩེ་འདང་སེམས་ཀྱི་མཚོ་མོའི་གཏིང་གི་ནོར་བུ།།

བདག་སེམས་གཤོག་པ་རིང་མོ་མཁའ་ལ་རེག་ན།།

ཡིད་ཀྱི་ཆུ་སྐྱེས་འཛུམ་པའི་འོད་མདངས་ཁྱོད་ཡིན།།

འཛུམ་ཆུང་སོ་དཀར་ཟླ་བའི་མཛེས་པ་འཁྲུངས་ཡོད།།

སྤྲིན་དཀར་མཐོན་མཐིང་དབུས་ཀྱི་འཇའ་ཚོན་བྲིས་ན།།

རྐང་གཅིག་འདབ་སྟོང་གྲོལ་བའི་མཛེས་པ་འབུམ་ཕྲག།

འཛུམ་གོང་ཞལ་རས་དཀར་པོའི་ཕྲེང་ལ་བསྟར་ཡོད།།

དྲི་ཞིམ་སྤོས་ཀྱི་ཆུ་རྒྱུན་རླུང་གིས་སྐྱོམ་པས།།

བསུང་ངད་ལྡང་བའི་ཚོར་རྐྱེན་ཟབ་མོ་འདི་ཡང་།།

རུས་གསེང་ཚོར་འདུ་ཕྲ་མོ་ཟུག་སློང་དབང་གིས།།

ཕྱོགས་སྤུངས་དྲི་འཛིན་ཤེས་པའི་ཡུལ་དུ་ཟབ་པ།།

དབྱར་གྱི་འཇམ་མཉེན་རླུང་བུ་དལ་གྱིས་ལྡང་ཚེ།།

སྡེ་ཆེན་གྲོང་གི་ནེའུ་ལྡངས་གཞོན་ནུས་གྲེ་འགྱུར།།

རི་གླུ་སྙན་མོའི་ཁུགས་སོ་དབྱངས་ལ་འཐེན་དུས།།

མི་སྡོད་སྣང་བའི་ཞགས་པ་ཤུགས་ཀྱིས་ཁུར་སོང་།།

ཡིད་འཛིན་སེམས་ཀྱི་ཟླ་བ་མཁའ་ནས་འཆར་དུས།།

སྟོང་བ་ཁམས་ཀྱི་ཀུ་མུད་འཛུམ་ལ་བྲེལ་གྱིན།།

ཡིད་འཛིན་སྟོང་བ་གསོ་བའི་མཛེས་སྡུག་ཅིག་གིས།།

སྙན་ངག་ཁྱོད་ལ་བྲིས་པ་འདང་རྩེའི་གཞུང་ཡིན།།

རྟོགས་སྣང་སྒྱུ་མའི་ངོས་སུ་བཞེངས་བའི་ཟླ་བ།།

དྲན་པ་རྒྱ་མཚོའི་ཀློང་ནས་རྙེད་པའི་བྱུར་དམར།།

ཚོན་གྱིས་མ་བྱུགས་རི་མོའི་ཁ་དོག་འགྱུར་མེད།།

གཏན་གྱི་སྐྱིད་སྣང་ཁྱོད་ཀྱི་རེ་ཁར་གཏད་ཡོད།།

གསེར་ལྡན་དུས་ཀྱི་སྦྲང་ཆར་ངོམ་ལ་འཚུབ་བཞིན།།

དབྱིག་འཛིན་སྒེག་པ་མོ་ཡིས་དུས་སྔ་བགོ་སྐབས།།

ལང་ཚོ་དཔྱིད་དཔལ་སྟོན་གྱིས་སྤུད་པའི་འགྲོས་ལ།།

རྒྱང་མིག་ཀེར་ཀེར་འཛུམ་ཞིང་ཁྱོད་ཞལ་སྒོམ་ཡོད།།

མི་སྡོད་སྣང་བའི་འཇིག་རྟེན་དལ་འགྲོས་རྒྱུན་ལ།།

ལས་སྣང་བཀོད་པའི་རི་མོ་སོ་སོར་ཞེན་པས།།

མི་འཛད་གཏམ་གྱི་ཚིག་རིས་རྩིབ་ངོར་བྲིས་ཀྱང་།།

འཁྲེང་ཞེན་འདྲེན་བྱེད་སྟོང་གིས་གཡོ་བ་ཡིན་འདྲ།།

ཞེན་ཆགས་རྟོག་པའི་ན་བུན་རི་ལ་འཐིབས་ན།།

དུང་བརྗོད་རླབས་ཀྱི་གཡོ་བ་རླུང་གིས་བསྐྱོད་དང་།།

ཡིད་ཀྱིས་བརྟན་པ་འཕྲོག་པའི་འཛུམ་ཆུང་གཞོན་ནུ།།

མ་བསྒོམ་རང་སེམས་ཕྲ་རྒྱན་ཡིད་ལ་བརྣབས་ཆོག།

ཀུན་རྟོག་སེམས་ཀྱིས་ཆོ་འཕྲུལ་བྲིས་པ་མིན་ལ།།

སྒྱུ་འཕྲུལ་སྣང་བའི་ཕོ་བྲང་བཞེངས་པའང་མེད།།

སྡུ་གུ་ཡིད་འོང་གཟུགས་མཛེས་གཞོན་ནུ་ཁྱོད།།

འཆི་མེད་དྲི་ཟའི་ཡུལ་ནས་འཕྲོག་པའང་མིན།།