ཚོར་བའི་དབྱངས།

དམར་ཁ་ཚ། ཆབ་མདོ།

林芝报-藏文版  2026-02-20

ལོ་ཟླའི་གཙང་བོ་མ་འགག་རྒྱུན་ཆགས་སུ་བཞུར་བས།།

བྱིས་དུས་སྣང་བའི་མེ་ཏོག་རྒས་པ་འདི་ཕངས་ཨང་།།

རྩེ་དགའི་ལས་ལ་གཡེང་བའི་ན་ཆུང་གི་དུས་ཀྱི།།

ལྷད་མེད་སེམས་པ་དེ་ནི་ཕྱིར་དྲན་དུ་ལུས་སོང་།།

ནང་གྲོགས་ཚིག་གིས་བསླུ་བའི་གཡོ་སྒྱུ་ནི་ད་ཅིང་།།

རྒྱུ་འབྲས་རྒྱབ་ཏུ་དོར་བའི་སེམས་པ་ནི་མ་མཆིས།།

བསམ་མེད་བྱིས་པ་ཟེར་ཡང་སྒོ་གསུམ་དེ་དག་པས།།

ལོ་ན་ཆུང་ཆུང་དུས་ཀྱི་མཛེས་སྡུག་དེ་ཚོར་བྱུང་།།

ལོ་ནི་སོང་གིན་སོང་གིན་ཉི་ཤུ་དེ་བརྒལ་སོང་།།

བྱིས་པ་སྣབས་ལུག་ཅིག་གི་གཏམ་རྒྱུད་དེ་རྫོགས་སོང་།།

ཆགས་སྡང་རླུང་ལྟར་འཚུབ་པའི་འདུ་འཛི་ཡི་ཀློང་ནས།།

གཡོ་སྒྱུ་དྲན་འཕྲུལ་མཁོ་བའི་འཇིག་རྟེན་དུ་སླེབས་སོང་།།

ལན་རེར་གསང་བའི་སྐད་ཆ་འཛེམས་མེད་དུ་བཤད་ཅིང་།།

ཐེངས་རེར་སྡང་བའི་ཚིག་མཚོན་སྣང་མེད་དུ་འདེབས་པ།།

སོས་ཀའི་གནམ་དང་འདྲ་བ་འགྱུར་ལྡོག་དེ་མང་བའི།།

འཇིན་རྟེན་འཁོར་བའི་མི་ལ་འདྲིས་དུས་ཤིག་མི་འདུག།

སྐྱིད་ལ་རྟག་ཏུ་མེད་ཅིང་ངོམས་དུས་ཀྱང་མེད་ལ།།

སྡུག་ལ་ཟད་དུས་མེད་ལ་བཟོད་སྲན་ཀྱང་དཀའ་བ།།

སྐྱིད་སྡུག་རེས་མོས་ཀློང་དུ་ཁེར་རྐྱང་ལ་ཉུལ་དུས།།

འཁོར་བའི་སྙིང་པོ་ཟེར་བ་ག་ལེར་རང་རྟོགས་ཡོང་།།

འཁོར་བའི་གནས་ལ་སུན་སྣང་མེ་ལྕེ་དེ་འབར་ཡང་།།

དབེན་པའི་ནགས་ལ་སྒོམ་པའི་སྙིང་རུས་ནི་མ་མཆིས།།

མི་ཚེ་མར་མེ་རྐང་གཅིག་འདི་ལྟར་རང་རྫོགས་ན།།

མི་ལུས་ལན་གཅིག་ཐོབ་པའི་དོན་གོ་དེ་ཆུང་ཨང་།།