སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས་པ།

林芝报-藏文版  2026-01-13

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པ་དང་བསྟུན་ནས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གྲོས་ཀྱི་གྲ་སྒྲིག་ལས་དོན་ཁག་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཤིང་། ལས་འགན་ཁག་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཚོགས་རའི་ཞབས་ཞུ་འགན་ལེན་གྱི་ལྟེ་བར་དམིགས་ནས་བཞུགས་བྱང་བཟོས་ནས་སྒྲིག་པ་སོགས་ཀྱི་འགག་རྩའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད་པ་དང་། སྲིད་གྲོས་ཁོངས་གཏོགས་ཀྱིས་དཔྱད་གཞིའི་ཡིག་རིགས་ཀྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་ནས་དཔྱད་གཞིའི་ཡིག་ཆར་ཞུ་དག་ཐེངས་མང་བཏང་སྟེ། ཚད་གཞི་མཐོ་ཞིང་བླང་བྱ་ནན་པོའི་ཐོག་ནས་ཚོགས་འདུ་བདེ་བླག་ངང་འཚོག་རྒྱུར་འགན་ལེན་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་ཚུགས་པའི་ལོར་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད་པ་རེད།

མི་དམངས་འཐུས་ཚོགས་ཀྱིས་ཚོགས་འདུའི་བཞུགས་བྱང་གྲ་སྒྲིག་ལས་དོན་ཚད་ལྡན་ཅན་དང་གནད་འཕིགས་ཅན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཞིབ་ཕྲའི་ཐོག་ནས་ཚོགས་འདུའི་གཟབ་ནན་རང་བཞིན་མངོན་པར་བྱས་ཡོད། ལས་དོན་མི་སྣས་མཐའ་མཇུག་ཏུ་གཏན་འཁེལ་བྱས་པའི་ཚོགས་ཞུགས་མི་སྣའི་མིང་ཐོ་གཞིར་བཟུང་འཐུས་མིའི་ཆ་འཕྲིན་གསེད་དཀྲོལ་དང་། བཞུགས་ཁོངས་དབྱེ་ནས་བཞུགས་བྱང་ལ་ཆད་ལུས་མེད་པ་དང་བསྐྱར་ཟློས་མི་ཡོང་བར་འགན་ལེན་བྱས་ཡོད། ཆ་འཕྲིན་ཞིབ་བསྡུར་གྱི་ལྷུ་ཚིགས་སུ་གཙོ་གནད་ཐོག་འཐུས་མིའི་མིང་དང་གོ་གནས་སོགས་འགག་རྩའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ཏེ་ཡིག་ནོར་སོགས་ཀྱི་ནོར་འཁྲུལ་ཐོན་རྒྱུ་གཏན་འགོག་བྱས་ཡོད། བཞུགས་བྱང་གི་ཇུས་འགོད་ནི་སྟབས་བདེ་དང་གཟབ་ནན་གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གཅིག་གྱུར་གྱི་ཚད་གཞི་དང་ཚད་ལྡན་གྱི་ཡིག་གཟུགས་སྤྱད་དེ་ཚོགས་ཁང་ཁམས་གཙང་ཞིང་གོ་རིམ་ལྡན་པ་ཡོང་རྒྱུའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཟ་ཁང་དང་། འགྲིམ་འགྲུལ། སྨན་བཅོས་སོགས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་ཞིབ་ཚགས་ཁྲོད་དངོས་གཉེར་བྱེད་པའི་སྤྱོད་ཚུལ་མངོན་ཡོད།

སྲིད་གྲོས་ཀྱིས་དཔྱད་གཞིའི་ཡིག་ཆའི་དག་བཅོས་ལས་དོན་ནང“ནོར་འཁྲུལ་མེད་པའི”དམིགས་ཚད་རྒྱུན་འཁྱོངས་བྱས་ཏེ་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ལ་མ་ལག་རང་བཞིན་གྱི་དག་བཅོས་བྱས་ཡོད། དག་བཅོས་ཚོགས་པས“ཆབ་སྲིད་ཀྱི་འགག་སྒོར་དམ་འཛིན་དང་། ནང་དོན་ཞིབ་བཤེར། རྣམ་གཞག་ཚད་ལྡན། ཡི་གེ་ཞིབ་སྦྱང་བཅས་ཀྱི་ཚད་གཞི་ཆེན་པོ་བཞི་ལ་བརྩི་སྲུང་ནན་པོ་བྱས་ཏེ། དཔྱད་གཞིའི་ཡིག་ཆའི་ནང་གཞི་གྲངས་ཞིབ་བརྗོད་ཀྱི་ཡང་དག་རང་བཞིན་ལ་གཙོ་གནད་ཐོག་ཞིབ་དཔྱད་བྱས་པ་དང་། གྲོས་གཞི་དང་གྲོས་འགོའི་གཏན་ཚིགས་ཀྱི་འབྲེལ་མཐུད་རང་བཞིན་ལ་ཞིབ་ཕྲའི་དག་བཅོས་བྱས་ནས་བསམ་འཆར་དང་གྲོས་འགོའི་ཞིབ་བརྗོད་ཁ་གསལ་ལ་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱས་པ། དཔྱད་གཞིའི་ཡིག་ཆའི་རྣམ་གཞག་ལ་དམིགས་ནས། རྣམ་པ་གཅིག་མཐུན་དང་པར་སྒྲིག་གྲལ་སྒྲིག་པོ་ཡོང་བ་བྱས་ཡོད། དག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། ལས་དོན་མི་སྣས“འགོ་ནས་མཇུག་བར་ཡིག་འབྲུ་རེ་རེ་བཞིན་ཀློག་པ་ཕུད་གཙོ་གནད་ནང་དོན་ལ་ཞིབ་མོར་ཀློག་པའི་བྱ་ཐབས་སྤྱད་དེ་དཔྱད་གཞིའི་ཡིག་ཆ་ཚང་མར་ཞིབ་བཤེར་ནན་པོ་ཐེག་ཐུབ་རྒྱུར་འགན་ལེན་བྱས་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་དུ་ལོ་ལྟར་གྱི་ཚོགས་འདུ་གཉིས་ཀྱི་ཁྲོད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དང་བླངས་པ་ཁྱུ་གཅིག་ཡོད་ཅིང་། ཁོང་ཚོས་ཚོགས་འདུའི་གོང་གི་གྲ་སྒྲིག་ལས་དོན་ནས་ཚོགས་འདུའི་ཁྲོད་ཀྱི་ཞབས་ཞུའི་འགན་ལེན་བར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་བཞིན་ཡོད།