རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

林芝报-藏文版  2026-01-13

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འགན་སྲུང་བྱེད་དགོས།

ཟླ་1ཚེས་8དང་ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད། ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་ལྷག་བསམ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུ་དེ་བས་རང་རྟོགས་སུ་གྱུར་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དེ་བས་དངོས་སྒྲུབ་ནུས་ལྡན་ལ་གྱུར་པ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་སོང་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་སྤྱོད་ཚུལ་དེ་བློ་ཁ་གཏད་མིན་དང་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་ཐག་གཅོད་བྱེད་ཀྱི་ཡོད། 2025ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་བོད་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བས། ང་ཚོས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་འགོ་རྩོམ་འགག་བརྟོལ་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལས་བྱེད་པའི་དཔུང་ཁག་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ནས་དམ་འཛིན་བྱས་ཏེ། ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པས་དུས་ཡུན་རིང་པོར་བཀག་མ་ཐུབ་པའི་སྲོལ་ངན་ཁག་གཅིག་བཀག་ཐུབ་པ་དང་། ལོ་མང་རིང་སེལ་མ་ཐུབ་པའི་རྙོག་འགལ་ཆེ་བའི་གནད་དོན་ཁག་གཅིག་ཡོ་བསྲང་ཐུབ་ནས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྤྱི་ཚོགས་ཀྱི་རྣམ་པ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ནས། སེམས་པ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་ངང་ལས་ཀ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་སོང་སྟེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཚེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་སྟེ། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་དེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་གསལ་པོ་བྱུང་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱ་རྒྱུ་དེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ལ་དོན་འཁྱོལ་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་བ། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། གྲ་སྒྲིག་ཁག་ཡག་པོ་བྱེད་པ། སྤུས་ཚད་མཐོ་པོས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་པ་བཅས་བྱས་ཏེ། རྣམ་པ་གསར་པ་དང་བྱས་རྗེས་གསར་པ་བཞག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་རང་འགན་གཙང་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས། “གྲོས་གཞི་དང་པོར”བརྟེན་ནས་སློབ་སྦྱོང་ལ་དམ་འཛིན་དང་། “བརྩི་སྲུང་དང་པོར”བརྟེན་ནས་ལག་བསྟར་ལ་དམ་འཛིན། “ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་དང་པོར”བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་བཏང་སྟེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་པ་གཏན་ནས་མི་བྱེད་པ་བཅས་བྱེད་ཐུབ་པ་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པ། དུས་ཐོག་ཏུ“ཕྱིར་མིག་ལྟ་རྒྱུ”སྒྲིག་འཛུགས་བཅས་བྱས་ཏེ། བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་བཅས་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས། སྤྱི་ཡོངས་ལ་གཞི་ཚུགས་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་གྱི་དབང་འགན་གསལ་ཐོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ཀྲུང་དབྱང་གི་བླང་བྱ་དང་། མང་ཚོགས་ཀྱི་རེ་སྒུག དོན་དངོས་ཀྱི་དགོས་མཁོ། ལག་ལེན་གྱི་ཉམས་མྱོང་བཅས་ཟུང་འབྲེལ་བྱས་ནས་བཙན་ཐབས་ཀྱི་ལམ་ལུགས་ལ་བརྟེན་ནས་གཏན་འབེབས་བཟོས་པ་དང་། ནན་པའི་ལམ་ལུགས་ལ་བརྟེན་ནས་ལག་བསྟར་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཡོང་བར་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་བརྟན་དུ་གཏོང་དགོས། དམ་པ་དོན་གཉེར་དང་ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། འཐབ་ས་དང་པོ་ནས་གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དོན་དངོས་ལ་གཞིགས་ནས་ལས་དོན་འཆར་འགོད་བྱེད་པ། དངོས་སྒྲུབ་ལ་མཐོང་ཆེན་དང་ཕན་འབྲས་དོན་གཉེར་ཐུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེན་པའི་ལས་བསྒྲུབས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། གོ་གནས་གང་ཞིག་བཟུང་ན། དེ་ཡི་སྲིད་དོན་དང་འགན་འཁྲི་གཙང་སྒྲུབ་བྱེད་པ། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། བསམ་བློ་དང་སེམས་ནུས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཏུ་འཇོག་པ་བཅས་བྱེད་དགོས། དྲང་པོའི་མི་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་བྱེད་པ་དང་། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་གསོ་སྐྱོང་ཧུར་ཐག་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ངན་འདོམས་དང་བཟང་སྤེལ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ། ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་རྒྱག་རྒྱུར་སྣང་ཆེན་བྱེད་པ། གྱོད་གཞི་དཔྱད་གཞིར་འཛིན་པ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་ནན་གཏོང་། གྱོད་གཞིར་བརྟེན་ནས་ལེགས་བཅོས་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་དོན་འཁྱོལ་ཡག་པོ་ཡོང་བར་བྱེད་དགོས།