ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའམ་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་སླར་གསོའི་མཛད་སྒོ་འཚོགས་པ།

林芝报-藏文版  2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་8ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའམ་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་སླར་གསོའི་མཛད་སྒོ་འཚོགས་པ་དེའི་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གསར་བརྗེའི་སློབ་གསོ་དང་། རྒྱལ་སྲུང་དྲིལ་བསྒྲགས། དམག་དོན་ལོ་རྒྱུས་རྒྱུན་འཛིན་བཅས་གཞི་གཅིག་ཏུ་འདུས་པའི་འཐབ་ས་གལ་ཆེན་ཞིག་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དཔའ་དར་དང་། ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལི་ཁྲང་ཅུའུ། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏེང་ཞོའི་ཧུང་། ཧྲི་ཀྲང་གཞོན་པ་ལིའུ་ཁྲུན་ཞང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྲག་ཡིབ་ཆུད་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་ལྷ་མོ་སོགས་དྲན་གསོའི་མཛད་སྒོར་ཞུགས་ཡོད་པ་རེད།

ཏེང་ཞའོ་ཧུང་གིས་ཤིས་ཚིག་སྒྲོན་སྐབས་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་28ཀྱི་གྲས་ཤིག་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་མང་རིང་རྟེན་གཞིས་དཔེ་མཚོན་བྱས་རྗེས་རྒྱུན་ཆད་མེད་པར་སྔོག་འདོན་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། དམག་དམངས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྙིང་སྟོབས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་དང་ཁོང་གིས་ད་ཐེངས་ཀྱི་འགྲེམས་ཁང་སླར་གསོ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། སློབ་གྲྭ ཁེ་ལས་སོགས་ཚན་པ་དང་འབྲེལ་གཏུག་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕུགས་བསམ་དད་སེམས་དང་། རྒྱལ་གཅེས་རིང་ལུགས། རྒྱལ་སྲུང་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཁག་ཏན་ཏིག་སྤེལ་དགོས་ཞེས་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཏང་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་དམངས་དམག་དཔུང་ལ་དགའ་ཞེན་བཅས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞི་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་རེ་བ་ཡང་བཏོན་ཡོད་པ་རེད།

དམག་འཐབ་ནང་ཞུགས་མཁན་དམག་མི་རྒན་གྲས་ཀྱི་འཐུས་མི་དང་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཀྱི་ཚོགས་སྤྱིའི་ལྷོ་ནུབ་ཁུལ་འཐབ་གྲོགས་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའམ་ཉིང་ཁྲིའི་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་གི་ཡོལ་བ་ཕྱེ་ཡོད་པ་རེད།

མཛད་སྒོ་མཇུག་འགྲིལ་རྗེས་འགྲེལ་བཤད་རྒྱག་མཁན་གྱི་ཁྲིད་སྟོན་འོག་དཔའ་དར་དང་བཅས་པས་དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་གནང་བཞིན་རྩ་ཆེའི་དངོས་པོ་རེ་རེ་དང་། ལོ་རྒྱུས་ཀྱི་པར་རིས་རེ་རེ། གསོན་ཉམས་ལྡན་པའི་བརྙན་པར་རེ་རེ་བཅས་ཀྱི་མདུན་དུ་འགྲེལ་བཤད་གསན་ནས་སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན་དང་རྒྱལ་སྲུང་སྟོབས་ཤུགས་ཤེས་རྟོགས་བྱས་ནས་གསར་བརྗེའི་ཉམས་སད་ཆེན་པོ་དང་རྒྱལ་སྲུང་སློབ་གསོ་དང་ལེན་བྱས་པ་རེད།