༄༅། །དྲན་པའི་ཟབ་ས།

རང་མདངས།

林芝报-藏文版  2025-11-21

ཉི་ཟེར་རི་རྩེར་འཁྱུད་པའི་ཞོགས་དུས་སུ། །

ཟླ་འོད་མཐོན་མཐིང་དབྱིངས་སུ་རྒྱུ་དུས་དེར། །

སྡེབ་ལེགས་སོར་མོའི་འདེགས་འཇོག་དབྱངས་ལ་བཀུག །

ངག་རིག་རྒྱ་མཚོ་འཁྱིལ་བའི་ལྷ་མོ་དྲན། །

དཔྱིད་ཀྱི་ལྷ་བྱའི་གསུང་སྙན་ཏིང་ཏིང་གྲགས། །

ཟངས་ཀྱི་ཉི་འོད་ཕོག་པའི་རི་བོ་ལ། །

ན་བུན་སྤྲིན་དཀར་འཐུག་པོས་སྐེད་འཆིང་རྒྱག །

ཞོགས་པའི་ཅང་བརྡ་གྲགས་དུས་ལྷ་མོ་དྲན། །

མ་གྲོས་རུ་སྡེ་འགྲིག་པའི་ཚོར་བའི་གར། །

མ་བཅོས་དབྱངས་བདུན་ཀློང་ནས་ལྟད་མོ་ཅན། །

མ་བསླད་སྤྱན་ཟུང་སྒུལ་བའི་དཔྱིད་དུས་སུ། །

མ་བྲིས་ལང་ཚོ་སྟོང་ལྡན་ལྷ་མོ་དྲན། །

དཀའ་བ་བརྒྱ་ཕྲག་བགྱིས་པའི་ཕར་ངོགས་ན། །

དྭངས་གསལ་ཡིད་ཀྱི་སྣང་ངོར་ཤར་བའི་འཛུམ། །

ཁྱོད་ཞལ་ལང་ཚོས་རེག་པའི་དཔལ་ཙམ་གྱིས། །

དམར་ཆུང་སྙིང་གི་བྱུ་རུ་ཅི་དགར་རོལ། །

རྣ་བར་གཟན་ཀྱང་སྙིང་གཏམ་ལྷབ་ལྷུབ་བཤད། །

དྲན་པ་འཕར་ཡང་ནང་སེམས་ཟླ་བའི་སྤྲིན། །

དལ་གྱིས་འཁྱུད་པའི་རྣམ་ཤེས་དག་པའི་ངོས། །

ཁྱོད་རང་འདྲིས་པ་ལན་གྲངས་གཅིག་གཉིས་མིན། །

ཉམ་ཆུང་ཁ་སྟབས་འདི་ཡིས་ཁྱོད་རང་འཚོལ། །

དཔེ་མེད་ཡིད་འོང་མདངས་ལྡན་མཛེས་མའི་ཞལ། །

སེམས་སོང་ཡིད་ཀྱི་ཕྱི་ནང་ཁེངས་པའི་ཁྱོད། །

རྨི་ལམ་མཚན་མོའི་ཟུར་ཡང་བརྗེད་མྱོང་མེད། །