༄༅། །ཏི་སེ་སྐོར་བའི་བརྩེ་དུང་།

བོད་སྨྱུག

林芝报-藏文版  2025-11-21

ཤར་སྐར་སྨིན་དྲུག་འཆར་བའི་རྒྱ་གྲོང་ནས།།

ལྗོངས་རྒྱུ་བོད་ལ་སྐྱོད་པའི་ཁུ་ལོ་གཉིས།།

གཟུགས་མེད་ལས་སྐལ་ཞིག་བཀོད་ཕྱོགས་ཀྱིས།།

ལྷ་ས་ཆོས་འཁོར་གླིང་དུ་མཉམ་འཛོམས་བྱུང་།།

སྨན་ཁང་ཞིག་གི་ཉལ་ཁྲི་གཡས་ཕྱོགས་ནས།།

ཚིག་གསུམ་དྲི་ཟའི་ཕང་འགྲོ་རྡུང་མཁས་པས།

གཤོག་ལྡན་བྱིའུ་ཆུང་སེམས་པ་ཕྲ་མོ་དེ།།

ལྡང་ཕྱོགས་ཁ་ལོ་དང་པོ་དེ་ནས་བསྒྱུར།།

བརྩེ་གཏམ་ལོ་ཆང་ཁམ་པས་བཟི་ཁ་སྤྲད།།

གཟུགས་མེད་སེམས་ཀྱི་དངོས་པོ་བརྐུས་ནས་སོང་།།

སྙིང་དོན་མིག་ཤེལ་གཅིག་ལ་སྙད་བཏགས་ནས།།

བུ་མོ་རྐུན་པོ་མ་དེད་སྐལ་མེད་བྱུང་།།

ལྷ་ཡུལ་གནས་ནས་འཕོས་པའི་གྲོང་ཁྱེར་དུ།

ཡུན་ཙམ་འཁྱམ་སྐོར་སོང་བའི་སྐལ་ཡིས།།

གཉིས་ཀའི་སེམས་ཀྱི་གཞུ་རྒྱུད་ཕྲ་མོ་དེ།།

མདའ་འཕེན་བྱེད་པོ་མེད་པ་རང་དུ་འགུགས།།

ཉི་མ་གཅིག་གི་བརྩེ་བའི་གླེང་ཕྱོགས་དེ།།

དྭངས་གསལ་ཟླ་བའི་རང་མདངས་རྗེས་སྙེག་པའི།།

ཉི་མ་སྟོང་གིས་བཞུར་བ་མི་ནུས་པ།།

བརྩེ་སེམས་གངས་ཀྱི་རི་བོ་ལྷུན་པོ་ཆཊ།།

སོ་སོ་སྙེག་པའི་ལམ་ཁ་མ་གཅིག་པས།།

བྲལ་བའི་ཁ་ཚིག་མེ་ཏོག་གཏོར་ན་ཡང་།།

བརྩེ་བའི་དར་དཔྱང་མདུད་པ་མ་གྲོལ་བས།།

བུ་མོའི་རྐང་རྗེས་སྙེག་སྟེ་ཏི་སེར་སོང་།།

གངས་དཀར་ཏི་སེ་ལྷ་ཡི་ཕོ་བྲང་ལ།།

ཉིན་མཚན་སྐོར་ཞག་བྱེད་པའི་འཁྱང་པོ་གཉིས།།

བརྩེ་སེམས་དམ་བཅའི་རི་མོ་རྡོ་ལ་བཀོད།།

དུངས་བའི་འོ་ཆུ་དཀར་པོ་མཚོ་རུ་འདྲེན།།

སེམས་པ་ཡང་མོ་ནམ་མཁའི་སྤྲིན་པ་དེ།།

བདེན་ཚིག་སྦས་དོན་རླུང་གིས་མ་དེད་པ།།

ཏི་སེར་བརྩེ་སྐོར་སོང་བའི་གློག་བརྙན་གྱི།།

ཚོར་བའི་ལྡང་ཤུགས་ཤིག་གནམ་མཐར་ཁྱེར།།

བརྩེ་བའི་ཚིག་ཚོགས་ཕྲ་མོ་ས་རུ་གཏོར།།

དུངས་ཆུང་མེ་ཏོག་དཀར་པོ་ཐང་ལ་བཞད།།

སེམས་པ་འོ་ཆུ་བསྲས་པ་གཅིག་ཏུ་འདྲེས།།

གང་ཞིག་ཡིད་ཀྱི་འདུན་པ་ཅི་མི་འཕྲོག།

མི་ཚེའི་བགྲོད་ལམ་རིང་པོ་ཐང་གི་ཡུལ།།

ཏི་སེ་གངས་སྐོར་གཅིག་གིས་ཁ་ཐག་བཅད།།

འཁོར་བའི་བརྩེ་དུང་གླེང་ཕྱོགས་མང་ན་ཡང་།།

གངས་སྐོར་བརྩེ་བ་འདི་ཡིས་རང་སེམས་འཕྲོག།