ཀོང་པོའི་ལོ་གསར་གྱི་དགུ་ཐུག་ཉིན་མོ།
林芝报-藏文版  2025-11-21
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་18ཉིན་ནི་ཀོང་པོའི་ལོ་གསར་གྱི་དགུ་ཐུག་ཉིན་མོ་ཡིན་པ་དང་ཉིང་ཁྲི་ས་ཁུལ་གྱི་ཁྱིམ་ཚང་མི་རེ་ངོ་རེས་མཉམ་འཛོམས་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། བྲག་ཡིབ་ཆུད་སྨད་པ་གྲོང་ཚོའི་གྲོང་མི་ཟླ་བ་ལྷ་མོའི་ཐབ་ཚང་ནང་སྔ་ས་ནས་དྲི་ཞིམ་གང་སར་འཐུལ་བཞིན་ཡོད། དེ་ནི་སྲོལ་རྒྱུན་གྱི་ལོ་གསར་གྱི་ཞིམ་ཟས་ཞིག་ཙམ་མ་ཡིན་པར་འདས་ཟིན་པའི་ལོ་གཅིག་གི་ལོ་ལེགས་ཀྱི་དགའ་སྤྲོ་དང་འབྱུང་འགྱུར་ལ་རེ་སྒུག་ཚད་མེད་བྱེད་པའི་བརྩེ་དུང་ལྡན་པའི་མཚན་མོ་ཞིག་ཀྱང་ཡིན།
སྒེའུ་ཁུང་གི་ཕྱི་རོལ་དུ་དགུན་གྱི་གྲང་རླུང་ལྡང་ཡང་ཟླ་བ་ལྷ་མོའི་ཁྱིམ་དུ་ཚ་སོབ་སོབ་ཡིན་ཞིང་། ཟླ་བ་ལྷ་མོ་དང་ཨ་མ་གཉིས་ཕྱི་དྲོ་ནས་ཐབ་ཀྱི་མདུན་དུ་བྲེལ་བས་འཚུབ་བཞིན་ཡོད། ཧ་ཡང་ནང་དུ་དྲི་ཞིམ་གྱི་ཚགས་ཤ་དང་ལ་ཕུག་གི་རླངས་པ་འཕྱུར་བཞིན་མ་སྨད་གཉིས་ཀྱིས་བྱང་བྱ་དོད་པོའི་ངང་ཕན་ཚུན་རམ་འདེགས་ཁྲོད་སྲོལ་རྒྱུན་གྱི་གོམས་སྲོལ་ལ་བརྩི་བཀུར་དང་ཁྱིམ་མིར་བཅངས་པའི་བརྩེ་དུང་ཟབ་མོ་ལྡན་ཡོད།
ཨ་ཕ་དབང་ཕྱུག་བྲེལ་འཚུབ་ངང་ཕྱིར་ལོག་རྗེས། གཟབ་ནན་གྱིས་ཤོག་བུ་བླངས་ནས་ཤོག་ལྷེབ་ཆུང་ཆུང་ཐོག་སྨྱུ་གུས་བལ་དང་སུར་པན་ཞེས་པ་སོགས་ཀྱི་བོད་ཡིག་བྲིས་ཡོད། བལ་གྱིས་སེམས་བཟང་དང་ཞི་འཇམ་མཚོན་པ་དང་།སོལ་ནག་གིས་སེམས་ནག་པོ་མཚོན་པ་བཅས་རེད། ཟླ་བ་ལྷ་མོས་གྲོ་ཞིབ་རྡོག་རྡོག་བཟོས་ནས་ཤོག་ལྷེབ་ཆུང་ཆུང་དེ་དག་ནང་སྒྲིལ་ཡོད།
མཚན་གུང་ཤར་སྐབས་དབང་ཕྱུག་ཁྱིམ་གྱི་གློག་འོད་རབ་ཏུ་འཕྲོ་བཞིན་དྲི་ཞིམ་འཐུལ་བའི་དགུ་ཐུག་རླངས་པ་འཚུབ་འཚུབ་ངང་གསོལ་ལྕོག་སྟེང་དུ་བཤམས་པས། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་སོ་སོའི་ཐུག་པའི་ནང་དགུ་རྫས་གང་ཞིག་འཁེལ་མིན་ལ་ལྟ་བཞིན་ཡོད།
དགུ་རྫས་རེ་རེས་དུས་ཆེན་གྱི་སྤྲོ་སྣང་འཕེལ་བ་མ་ཟད་ནང་མིའི་དབར་གྱི་མཉམ་འགུལ་དང་སྨོན་འདུན་བརྒྱུད་སྤྲོད་ཀྱང་བྱེད་བཞིན་ཡོད། བག་ཕེབས་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་ལོ་གཅིག་གི་དཀའ་སྤྱད་དང་ངལ་དུབ་སྔ་ས་ནས་ཡལ་བ་དང་། ཕན་ཚུན་དབར་ལ་མཉམ་འཛོམས་ཀྱི་དྲོ་སྐྱིད་དང་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་རེ་སྒུག་ལས་མེད།
འདས་ཟིན་པའི་ལོ་གཅིག་ནང་ཞིང་ཁྱིམ་གྱི་སྒོ་ར་དེའི་ནང་ནས་སློབ་སྦྱོང་དང་བྱ་གཞག ཐོན་ལས་བཅས་ཀྱི་གཏམ་བཟང་གཅིག་རྗེས་གཉིས་མཐུད་ངང་ཐོས་ཡོད་ལ་གྲོང་ཚོའི་ནང་གི་འབྲི་ཏ་ས་འཛིན་དང་འདྲེ་ཚེར་མར་ལོ་ལེགས་བྱུང་ནས་མཉམ་སྡེབ་དཔལ་འབྱོར་ལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད།
ཁྱིམ་ཚང“སྤྲོ་སྣང་ལྡན་པ”ནི་གྲོང་ཚོའི“ལོ་ལེགས་ཆེན་པོ”ཞིག་རེད། 2025ལོར་བཅུ་འཕར་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་95བྱུང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་མ་ཟད་ཟླ་བ་ལྷ་མོ་དང་འདྲ་བའི་གྲོང་མི་ཚང་མར་ཐད་ཀར་ཕན་པ་ཐོབ་ཡོད། བྲོ་ཞིམ་གྱི་དགུ་ཐུག་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་ཐོག་ནས་ལོ་གསར་པའི་འདུན་པ་གླེང་བཞིན་ཡོད་པ་རེད།
མཚན་མོའི་མུན་པ་རུབ་པ་དང་བསྡུན་ནས་དགུ་ཐུག་དཀར་ཡོལ་གང་ནི་ལོ་གསར་གྱི་བྲོ་བ་མྱོང་བ་དང་རིག་གནས་ཉམས་སུ་ལེན་པ། མ་འོངས་ལ་རེ་བ་བཅོལ་བ་བཅས་རེད། ཟླ་བ་ལྷ་མོའི་ནང་མི་ཚོའི་དགའ་སྤྲོའི་དགོད་སྒྲའི་ཁྲོད་གཏམ་རྒྱུད་གསར་པ་ཞིག་ཤོད་བཞིན་ཡོད་པ་དང་མཚུངས་ལ་འཚོ་བ་ནི་ཏིལ་འབྲུའི་མེ་ཏོག་བཞད་པ་ལྟར་རིམ་བཞིན་ཡར་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པ་རེད།